བོད་ནང་གི་གསར་འགྱུར།
༡ མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་ཁོངས་སུ་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཁྲིམས་ཟེར་བ་དེ་ལས་བྱེད་དང་འབྲོག་པ་མང་ཚོགས་མི་གྲངས་སྟོང་བརྒྱད་ཙམ་ལ་ཟབ་སྦྱོང་སྤྲོད་ཆེད་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གི་སློབ་ཆེན་ཁག་ནས་དགེ་རྒན་ཆེན་མོ་བ་གདན་འདྲེན་གྱིས་གོ་བདེའི་ངང་འགྲེལ་བཤད་རྒྱག་ཏུ་བཅུག་སྟེ་མི་རིགས་སོ་སོ་ཕན་ཚུན་མཉམ་འདྲེས་བྱེད་པར་སྐུལ་མ་བྱེད་བཞིན་པ་རེད།
བཙན་བྱོལ་བོད་ཀྱི་གསར་འགྱུར།
༡ པོ་ལན་ཌིའི་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་གཉིས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་འཕྲད་དང་བོད་མིར་རྒྱབ་སྐྱོར་ཡོད་པ་གསུང་འདུག
༢ ད་ལྟ་ཨ་རིའི་ནང་གཟིགས་སྐོར་གནང་བཞིན་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་སེན་ཧྥུ་རན་སིས་ཁོ་གཙུག་ལག་སློབ་ཆེན་དུ་བོད་ཀྱི་གནད་དོན་སྐོར་གསུང་བཤད་གནང་འདུག
༣ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཆིག་སྒྲིལ་མེ་ལྕེའི་སྐོར་སྐྱོད་ལས་འགུལ་ཞེས་པ་ཞིག་འགོ་བརྩམས་པ་དང་དབུ་འབྱེད་མཛད་སྒོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་བཅས་ཕེབས་ནས་རྒྱབ་སྐྱོར་གནང་ཡོད།
རྒྱལ་སྤྱིའི་གསར་འགྱུར།
༡ ཉེ་ཆར་རྒྱ་ནག་ཧྲིན་ཌིན་དུ་འཚོགས་པའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དང་ཨེ་ཞི་ཡའི་དཔལ་འབྱོར་མཉམ་ལས་ལྷན་ཚོགས་ཐོག་ཨ་རི་དང་རྒྱ་ནག་ར་ཞི་ཡའི་དབུ་ཁྲིད་རྣམ་གསུམ་ཟུར་དུ་ཐུག་འཕྲད་ཀྱིས་ཞི་བདེའི་བསྒྲགས་གཏམ་ཟེར་བ་སྤེལ་ཡོད་ཀྱང་མཚོན་དོན་ཙམ་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་ཀྱིན་འདུག དཔྱད་གཏམ། དེ་རིང་གི་དཔྱད་གཏམ་ལེ་ཚན་ནང་དུ་ཉེ་སྔོན་རྒྱ་ནག་གཞུང་གིས་བོད་ཀྱི་སློབ་གསོ་སྤྱི་ཚོགས་རིག་པ་བ་འབུམ་རམས་པ་རྒྱལ་ལོ་ལགས་སུ་རྒྱལ་མཚམས་བརྒལ་བའི་དྲག་གནོན་བྱེད་ཐབས་དང་འབྲེལ་ནས་དོན་རྐྱེན་དེའི་རྒྱབ་ལྗོངས་དང་དེར་ཁ་གཏད་སོགས་ཀྱི་ཐད་དབྱེ་ཞིབ་བྱས་ཡོད།

