༄༅།  །གྲོང་གསེབ་དཔྱད་དཔེར་བླངས་པའི་ཞིབ་འཇུག

ལྡོང་ཕྱིང་གུར་བ་རྒྱལ་ལོ།

 

ནང་དོན་གནད་བསྡུས།

ཉེ་ཆར་རྒྱ་ནག་གཞུང་ནས་གྲོང་གསེབ་གསར་བ་འཛུགས་སྐྲུན་གྱི་སྲིད་ཇུས་ལག་བསྟར་དང་ལྷན་མ་དངུལ་འབོར་ཆེན་བཏང་ཏེ་སྔར་མ་མཆིས་པའི་གནས་སྟངས་གསར་བའི་འཕོ་འགྱུར་ཁྲོད་དུ། བོད་ཀྱི་ས་གནས་ཁག་གི་གྲོང་གསེབ་འཛུགས་སྐྲུན་འཁོར་ཕྱོགས་དེ་དཔྱད་བྱ་གསར་བ་ཞིག་ཏུ་ཆགས་འདུག་པ་ནི།  གྲོང་གསེབ་གསར་བའི་ཁྱད་ཆོས་དང་བོད་ཀྱི་སྲོལ་རྒྱུན་ཡུལ་ཆོས་ཚུལ་ཇི་ལྟར་ཟུང་འབྲེལ་འཁྱོངས་རྒྱུ་དེ་ཡིན་ཞིང་།  འདི་གལ་གནད་ཆེན་པོ་ཞིག་ཡིན་པའི་ངོས་ཟིན་ཡང་དག་ཅིག་བསླེབ་ཆེད་དང་།  རུ་སྡེ་དང་གྲོང་གསེབ་ཀྱི་ཤེས་རིག་ཁྱད་ཆོས་དུས་རབས་གསར་བའི་ནང་སྙིག་དོར་བཅུད་ལེན་ངང་གནས་ཐུབ་པར་ཕན་པའི་ཞིབ་འཇུག་གི་དཔེ་མཚོན་ཏུ།  མདོ་ལྷོའི་གྲོང་གསརབ་མང་པོའི་ནང་ཚན་ཞིག་ཏེ། ཕྱིང་གུར་ཕུག་སྡེ་བ་དཔྱད་དཔེར་བླངས་པའི་ཞིབ་འཇུག་གི་རྩོམ་འདི་ས་བཅད་དྲུག་གིས་གྲུབ། དང་པོ། རྩོམ་འདིར་བེད་སྤྱད་པའི་དཔྱད་ཐབས་འགའ།  གཉིས་པ། སྡེ་བའི་སྣོད་བཅུད་ཁོར་ཡུག  གསུམ་པ། སྡེ་བའི་སྲོལ་རྒྱུན་ལོ་རྒྱུས།  བཞི་བ། སྡེ་བའི་གྲུབ་ཆ་གླེང་བ། ལྔ་བ། སྡེ་བའི་ཡུལ་ཆོས་ཤེས་རིག  དྲུག་པ།  སྡེ་བའི་སྐད་ཡིག་བེད་སྤྱོད།  བདུན་པ།  སྡེ་བའི་འཕོ་འགྱུར་འགྲོ་ཕྱོགས།  བརྒྱད་པ། མཇུག་བསྡུ་བའི་བསམ་གཞིགསབཅས་སོ།

བརྡ་ཆད་གཙོ་བོ།  རུ་སྡེའམ་གྲོང་གསེབ། ཕ་གཡོག ཁྱིམ་ཚང་།  སྤྱི་ཚོགས་སྒྲིག་གཞི། སྤྱི་ཚོགས་འབྲེལ་ལམ། རུས་རྒྱུད། སྤྱི་ཚོགས་རིག་པ། ཡུལ་ཆོས་རིག་པ། དཔྱད་ཐབས། དཔྱད་དཔེ།

 

གླེང་སློང་བ།

ཉེ་ཆར་རྒྱ་ནག་གཞུང་ནས་གྲོང་གསེབ་གསར་བ་འཛུགས་སྐྲུན་གྱི་སྲིད་ཇུས་ལག་བསྟར་དང་ལྷན་སྔར་མ་མཆིས་པའི་གནས་སྟངས་གསར་བའི་འཕོ་འགྱུར་ཁྲོད་དུ། བོད་ཀྱི་ས་གནས་ཁག་གི་གྲོང་གསེབ་འཛུགས་སྐྲུན་ཐད་དཔྱད་བྱ་གསར་བ་ཞིག་བསླེབས་འདུག་པ་ནི།  གྲོང་གསེབ་གསར་བའི་ཁྱད་ཆོས་དང་སྲོལ་རྒྱུན་ཡུལ་ཆོས་ཚུལ་ཇི་ལྟར་ཟུང་འབྲེལ་འཁྱོངས་རྒྱུ་དེ་ཡིན་ཞིང་། འདི་གལ་གནད་ཆེན་པོ་ཞིག་ཡིན་པའི་ངོས་ཟིན་ཡང་དག་ཅིག་དང་།  སྤྱི་ཚོགས་རིག་པ་དང་ཡུལ་ཆོས་རིག་པ་སོགས་སྤྱི་ཚོགས་ཚན་རིག་གི་དཔྱད་ཐབས་སྣ་ཚོགས་བེད་སྤྱོད་ཇི་ཐུབ་ཀྱིས་བརྟག་དཔྱད་ཞིབ་འཇུག་གནང་དགོས་ཤིང་།  ས་གནས་ཀྱི་ཡུལ་ལུགས་ཁྱད་ཆོས་གཞིར་བྱས་ཐོག་ལམ་འགྲོ་བྱུང་བའི་གྲོང་གསེབ་གསར་བའི་འཛུགས་སྐྲུན་དེ་ས་གནས་མི་རིགས་རང་དང་ཀྲུང་དབྱང་དབུས་གཞུང་གཉིས་ཀའི་རེ་འདོད་དུ་སྨིན་ཞིང་། དེ་ལས་ལོགས་སུ་ཕྱིན་ན་དབུས་གཞུང་གི་སྲིད་ཇུས་དང་མ་དངུལ་ཆུད་ཟོས་སུ་ཕྱིན་པ་མ་ཟད།  ས་གནས་མི་རིགས་རང་ལའང་གཞི་རྩའི་གྱོང་ཆེན་ཞིག་ཐེབས་པས།   གང་ཅིའི་ཆ་ནས་གྲོང་གསེབ་ཞིབ་འཇུག་འདི་ད་ལྟ་དཔྱད་བྱ་འགང་ཆེན་ཞིག་ཏུ་ཆགས་འདུག

སྤྱི་ཚོགས་ཀྱི་གཞི་རྩའི་གྲུབ་ཆར་སྣང་བའི་རུ་སྡེའམ་གྲོང་གསེབ་དག་ཏུ་བྱུང་དང་འབྱུང་བཞིན་པའི་གནད་དོན་དེ་དག་ལ་སྣང་ཆུང་བྱེད་པ་ནི་རང་གི་རྩ་བ་སྣང་མེད་བྱས་པ་དང་ཀུན་ནས་མཚུངས་ཤིང་། སྔར་གྱི་ཉི་ཟླ་སྟག་སེང་ལྟ་བུའི་སྐྱེས་ཆེན་ཐམས་ཅད་གྲོང་གསེབ་ཏུ་འཁྲུངས་ཤིང་།  བློ་རིག་པའང་རང་གི་རུ་སྡེའི་ཁོར་ཡུག་ནང་རྩེད་མོ་སྣ་ཚོགས་བརྒྱུད་དེ་རྒྱས།  དེ་ནས་གཉོམ་ལག་རྒྱས་པ་དང་ལྷན་སེམས་ཁམས། མཛེས་དཔྱོད་འདུ་ཤེས་བཅས་རིམ་གྱིས་ཆགས་རྗེས།  བླ་ཆེན་མཁས་ཆེན་མི་ཆེན་ཏུ་གྱུར་ཏེ་སྤྱི་ཚོགས་ཀྱི་མུ་རྒྱུན་རིང་མོ་གཙང་བོའི་དཔེར་གྱུར་ཅིང་། སྤྱི་ཚོགས་འཕེལ་ཕྱོགས་དང་འཁོར་ཕྱོགས་ཀྱི་ལམ་ཁ་མ་ནོར་བར་ད་ལྟའི་དབར་བསླེབས་ཤིང་།  བསླེབས་ཐུབ་བྱེད་ཀྱི་རྨང་རྐང་གྲོང་གསེབ་ཡིན་པ་གསལ་ཐག་ཆོད་དུ་སྣང་ལ།  སྔར་སྤྱི་ཚོགས་ཀྱི་འཕེལ་འགྲོས་དལ་ཞིང་རྩོལ་བྱུང་ཁོར་ཡུག་ལྷང་འཇགས་ཡིན་པས་གྲོང་གསེབ་ཞིབ་འཇུག་ལ་དོ་སྣང་མ་བྱས།  ད་ལྟ་འཕེལ་འགྲོས་མགྱོགས་ཤིང་གཞན་ཤན་རྒྱ་ཆེ་གཏིང་ཟབ་པས་ཁྱིམ་ཚང་དང་གྲོང་གསེབ་ནང་འགྱུར་བ་སྣ་ཚོགས་བྱུང་དང་འབྱུང་བཞིན་པ་མངོན་གསལ་དུ་སྣང་ལ།  འགྱུར་བ་འབྱུང་དགོས་ས་དང་མི་དགོས་ས།  སྒྱུར་བཅོས་གཏོང་དགོས་ས་དང་མི་དགོས་ས།  གསར་བ་ཁ་སྣོན་བྱེད་དགོས་ས་དང་མི་དགོས་ས་སོགས་བརྟག་བྱེད་ཞིབ་འཇུག་བརྒྱུད་དེ་རང་ཡུལ་གྱི་འགྲོ་སྟངས་ཆོས་ཉིད་དང་མཐུན་པ་ཞིག་ཏུ་བསྒྲུབ་དགོས།  དགོས་མི་དགོས་ཀྱི་ཤན་འབྱེད་མ་ཐུབ་པའི་མིི་དང་གྲོང་གསེབ་འཕོ་འགྱུར་གྱི་དཔེ་ལ་ཙོང་ཁའི་ཚོ་བ་འགའ་ལས་བྱུང་བའི་གཞན་སྐད་སྨྲ་དགོས་པའི་གྲྭ་བ་ལྟ་བུ།  དཔའ་རེས་ཡུལ་གྱི་གྲོང་གསེབ་ཕལ་ཆེ་བ་ལྟ་བུ་དང་།  རང་གཞན་གང་ལའང་ངོས་འཛིན་དཀའ་བའི་སློབ་གྲྭ་བ་ལྟ་བུ་མང་།

གྲོང་གསེབ་གསར་བ་འཛུགས་སྐྲུན་གྱི་སྲིད་ཇུས་བཟང་པོའི་འོག  སྤྱི་སྒེར་གཉིས་ཆར་འཕྲལ་ཕུགས་བརྩན་ཞིང་ཕན་རླབས་ཆེ་བའི་ཕྱོགས་སུ་སྒྲུབ་བྱེད་སྣ་ཚོགས་འདོན་རྒྱུ་ནི་ཞིབ་འཇུག་པའི་འགན་ཏུ་ལྷགས་ཤིང་། ད་ལྟའི་གནས་ཚུལ་ལ་བརྟགས་ཚེ།  བོད་ཀྱི་གྲོང་གསེབ་གསར་བ་དེ་ག་འདྲ་ཞིག་ཡིན་དགོས་པའི་སྒྲུབ་བྱེད་དང་ཉམས་མྱོང་གང་ཡང་མེད་པར་ལོང་བས་ལག་མྱོང་ཇི་བཞིན་འགྲོ་བསྡད་པ་དེས་གཞུང་དང་ས་གནས་མི་རིགས་གཉིས་ཆར་གནོད་ཅིང་།  གྲོང་གསེབ་ཞིབ་འཇུག་ལ་དོ་སྣང་དང་རིག་ཚན་སྣ་ཚོགས་ཀྱི་མཐོང་ལམ་ནས་བརྟག་དཔྱད་ཞིབ་འཇུག་གནང་དགོས་པ་ཁ་ཚ་དགོས་གཏུགས་སུ་གདའ་བས།   ཞིབ་འཇུག་པ་རང་ལ་ཆ་ཡོད་རྒྱུས་ལྡན་གྱི་རུ་སྡེ་ཞིག་དཔྱད་དཔེར་བླངས་ཏེ་དཔྱོད་འཇུག་གི་ལས་ལ་འཇུག་དགོས།

སྤྱི་ཚོགས་གང་ཞིག་དེར་བྱུང་བའི་འཕོ་འགྱུར་ཉེན་ཁ་ཅན་ཐམས་ཅད་ནི་རུ་སྡེ་དང་གྲོང་གསེབ་ཁག་མང་པོར་བྱུང་བའི་གནད་དོན་རྣམས་སྣང་ཆུང་བྱས་པའི་འབྲས་བུ་ཡིན་པས། རོང་འབྲོག་མི་འབོར་གྱིས་བོད་སྤྱིའི་མི་འབོར་གྱི་བརྒྱ་ཆ་༨༠ ནས་༩༠ ཟིན་པ་དང་། དེ་དག་ལ་འཕྲད་པའི་གནད་དོན་དེ་མི་རིགས་ཀྱི་ངོ་བོ་ཤོར་མིན་གྱི་གཞི་རྩར་ཐུག་ཡོད་པའི་གནད་དོན་ཆེན་པོ་ཞིག་ཏུ་སྣང་ཞིང་། ཡང་། རོང་འབྲོག་གི་སྤྱི་ཚོགས་འབྲེལ་ལམ་དང་སྒྲིག་གཞི་ལ་དེ་བསྟུན་གྱི་ཐུན་མོང་མ་ཡིན་པའི་འགྲོ་སྟངས་ཁྱད་ཆོས་རེ་མཆིས་པས། ཁྱད་ཆོས་དེ་དག་རིགས་པས་བརྟག་དཔྱད་བརྒྱུད་དེ་གཞི་ནས་རྟོགས་ཚེ། འཕྲད་བཞིན་པའི་གནད་དོན་དེའི་རྩ་བ་གང་ཐུག་ཡོད་པ་དང་། ཕྱོགས་ག་རེ་ཞིག་ཏུ་དགྲོལ་དགོས་པའི་གནས་ལུགས་ཆོས་ཉིད་དང་མཐུན་པ་ཞིག་རྙེད་ཐུབ།

  འདིར་རང་གི་སྐྱེས་ས་སྐྱེས་ཡུལ་ཏེ། ཕྱིང་གུར་ཕུག་སྡེ་བ་དཔྱད་དཔེར་བླངས་ཏེ་དཔྱད་པ་ལ་དྲུག་ཏེ།  སྡེ་བའི་གྲུབ་ཆ།  སྡེ་བའི་སྣོད་བཅུད་ཁོར་ཡུག  སྡེ་བའི་ཡུལ་ཆོས་རིག་གནས།  སྡེ་བའི་སྲོལ་རྒྱུན་ལོ་རྒྱུས།  སྡེ་བའི་སྐད་ཡིག་བེད་སྤྱོད།  སྡེ་བའི་དཔལ་འབྱོར།  སྡེ་བའི་ངག་རྒྱུན་སློབ་གསོ།  སྡེ་བའི་འཕོ་འགྱུར་འགྲོ་ཕྱོགས།  མཇུག་བསྡུ་བའི་བསམ་གཞིགས་བཅས་སོ། །

སྤྱི་ཚོགས་རིག་པའི་གཞུང་ལྟར་ན།   སྤྱི་ཚོགས་ཀྱི་གྲུབ་ཆ་འཇོག་སྐབས་བཞི་རུ་བྱེད་ནའང་།  གྲོང་གསེབ་ཞིབ་འཇུག་འདི་སྤྱི་ཚོགས་ཀྱི་གྲུབ་ཆ་ཁོ་ན་མ་ཡིན་པར་དེ་ལས་བརྒལ་དེ་ཡུལ་ཆོས་རིག་པ་ལའང་(Ethnographical studies) བརྟེན་དགོས་པས་གྲུབ་ཆ་ལྔ་ཡི་སྒང་ནས་འགྲེལ་དགོས་པ་བྱུང་ཞིང་། དཔྱད་དཔེར་དྲངས་པའི་གྲོང་གསེབ་ཕྱིང་གུར་ཕུག་སྡེ་བ་རུ་སྡེ་གཞན་དང་འདྲ་བར་ཕྱོགས་ལྔ་སྟེ། ༡ རུས་རྒྱུད་མཆེད་ཁུངས་དང་། ༢ མི་འབོར་དང་ཁྱིམ་ཚང་། ༣  དཔལ་འབྱོར་དང་ངག་རྒྱུན་ཤེས་རིག  ༤  སྐད་རིགས།  ༥  ཕ་གཡོག་བཅས་ཀྱི་དབར་ནས་རྟེན་ཅིང་འབྲེལ་བའི་འབྲེལ་བ་ལས་རུ་སྡེའི་གཞི་དབྱིབས་ཆགས་ཤིང་།  དེ་འདྲའི་གཞི་དབྱིབས་དེའི་འགྱུར་རྒྱུན་གྱི་མེ་ལོང་ལས་ཡུལ་ཆོས་ལོ་རྒྱུས་ཀྱི་བྱུང་འཕེལ་འཆར་ཞིང་རྟོགས།

རུ་སྡེ་གྲུབ་བྱེད་ཀྱི་རྩ་འཛུགས་གལ་ཆེན་གཉིས་ཏེ། ཕ་གཡོག[1]་དང་ཁྱིམ་ཚང་བཅས་ལ་འཕྲད་བཞིན་པའི་གནད་དོན་དག་སྣང་མེད་དུ་མ་བཞག་པར། དགེ་སྐྱོན་གྱི་ཕྱོགས་སྣ་རེ་རེ་ནས་བརྟག་དཔྱད་ཞིབ་འཇུག་བརྒྱུད། རུ་སྡེའི་སྤྱི་ཚོགས་ཀྱི་འཕེལ་ལམ་བསལ་རྒྱུ་དེ་གལ་ཆེ་ཞིང་། རོང་འབྲོག་སྤྱི་ཚོགས་ཀྱི་ཀ་བ་ལྟ་བུའི་གྲུབ་ཆ་རྣམ་གསུམ་སྟེ། རུ་སྡེ་དང་། ཕ་གཡོག་དང་།  ཁྱིམ་ཚང་བཅས་ལ་ཆེད་དུ་ཞིབ་འཇུག་བྱེད་རྒྱུ་དེ་སྤྱི་ཚོགས་རིག་པ་བ་དང་ཡུལ་ཆོས་རིག་པ་བ་ཞིག་ལ་མཚོན་ན། དཔྱད་བྱ་གལ་ཆེན་ཞིག་ཏུ་སྣང་། གལ་ཆེ་ཚུལ་དེ་འདྲ་ཞིག་ཏུ་རྟོགས་པའི་མོད་ལ། ཞིབ་འཇུག་པ་རང་ཉིད་ལ་རྒྱུས་མངའ་ཡོད་ཅིང་། རང་རང་འཚར་ལོངས་བྱུང་ས། ཕྱིང་གུར་ཕུག་སྡེ་བ་ད་རེབ་ཀྱི་དཔྱད་དཔེར་བདམས་པ་ཡིན།

 

དང་པོ། རྩོམ་འདིར་བེད་སྤྱད་པའི་དཔྱད་ཐབས་འགའ།

སྤྱིར་རང་རེའི་གྲོང་གསེབ་ཞིབ་འཇུག་ལ་ཉམས་མྱོངས་དཀོན་ཅིང་དཔྱད་ཐབས་ཀྱིས་དབེན་པས།  གྲོང་གསེབ་དཔྱད་ཐབས་ཀྱི་རྣམ་བཞག་ཅིག་ད་སྔ་ཁ་ཡོད་ལག་ཡོད་དུ་ཆགས་མེད་གཤིས།   སྤྱི་ཚོགས་རིག་པ་དང་།  ཡུལ་ཆོས་རིག་པ།  ངག་རྒྱུན་ལོ་རྒྱུས་དཔྱད་ཐབས་བཅས་དེང་རབས་དཔྱད་ཐབས་ཀྱི་བླང་དོར་ལ་མ་རྨོངས་པར་དྲངས་ཤིང་།   དེང་རབས་སྤྱི་ཚོགས་ཚན་རིག་གི་དཔྱད་ཐབས་ཀྱི་རྣམ་གཞག་ལས།  རིག་ཚན་སོ་སོའི་གཟུང་ཡུལ་ཐ་དད་པ་ཡིན་པས་དེ་ལ་སྤྱི་ཕྱོགས་ནས་རིགས་ཆེན་པོ་གཉིས་མཆིས་ཏེ།  སྲོལ་རྒྱུན་དཔྱད་ཐབས་ཀྱི་ལུགས་དང་།  དཔྱད་ཐབས་གསར་བའི་ལུགས་སོ།  ཕྱི་མའི་ལུགས་ལ་རིགས་ཆེན་པོ་གསུམ་མཆིས་པ་ལས།  མང་ཉུང་གཞིན་འཛིན་གྱི་དཔྱད་ཐབས་དང་།  ངོ་བོ་གཞི་འཛིན་གྱི་དཔྱད་ཐབས།  མང་ཉུང་དང་ངོ་བོ་ཟུང་འབྲེལ་གྱི་དཔྱད་ཐབས་བཅས་སོ།  དཔྱད་གཞིའི་ཡོངས་ཁུངས་ལའང་རིགས་གཉིས་མཆིས་ཏེ།  ཟིན་ཐོབ་དཔྱད་གཞི་དང་བརྒྱུད་ཐོབ་དཔྱད་གཞིའོ།[2]   ད་དུང་མིའི་རུས་རྒྱུད་དང་དེ་འབྲེལ་གྱི་ལོ་རྒྱུས་ཞིབ་འཇུག་གི་ཁྱབ་ཁོངས་རྒྱ་ཇེ་ཆེར་ཕྱིན་པ་དང་ལྷན།  འཚོ་བའི་བརྒྱུད་རིམ་ཞིབ་ཕྲ་རྒྱུས་ལོན་བྱེད་པར་མཁོ་བའི་དཔྱད་ཐབས་གསར་བ་ཁ་སྣོན་བྱས་ཤིང་།  ཆེད་ལས་ཅན་གྱི་ཁ་བརྡ་དང་། བཅར་འདྲི་སོགས་ཐབས་རྩལ་བྱེ་བྲག་པ་འགའ་བྱུང་།  འདིར་གླེང་བའི་ཁ་བརྡ་དང་བཅར་འདྲི་ཅེས་པ་དེ་ནམ་རྒྱུན་གྱི་གསར་འགྱུར་བཅར་འདྲི་དང་ཁ་བརྡ་དང་མི་འདྲ་བར།  འཇིག་རྟེན་རྒན་པོའི་དྲན་ངོས་ན་ཞོ་ལྟར་ཆགས་འདུག་པའི་ཉམས་མྱོང་དང་ལོ་རྒྱུས་ཤེས་བྱ་ཡིག་ཐོག་ཏུ་འབེབ་པ་དམིགས་བྱར་བཟུང་བའི་ཞིབ་འཇུག་བྱེད་སྟངས་ཤིག་ལ་ཟེར།  དེ་ལས་ད་དུང་དཔྱད་དཔེ་གདམ་སྟངས་དང་།  བཅར་འདྲི་བྱེད་པ་པོར་འཛོམས་དགོས་པའི་ཆ་རྐྱེན།  བཅར་འདྲི་ལེན་མཁན་ཏུ་འོས་མི་འོས།  བཅར་འདྲིའི་སྐད་རིགས་ཕ་སྐད་ཡིན་དགོས་པ་དང་།  བཅར་འདྲི་བྱེད་ས་དེ་ བཅར་འདྲི་ལེན་མཁན་ལ་ཆ་རྒྱུས་ཡོད་པར་མ་ཟད།  རྟོག་ས་འཛེམ་ས་མེད་པར་ལྷོད་པོར་འདུག་ཆོག་པའི་གནས་མལ་ཞིག་ཡིན་དགོས་པ་བཅས་རེ་རེར་ཚད་གཞི་རེ་མཆིས་ཤིང་།  ཚད་གཞི་ལྟར་བསྒྲུབས་ཏེ་ཐོབ་པའི་ངག་རྒྱུན་ལོ་རྒྱུས་རྒྱུ་ཆ་རྣམས་སྒྲུབ་བྱེད་ཚད་ལྡན་ཏུ་འདྲེན་པ་འཛམ་གླིང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་པ་ཐུན་མོང་གི་དཔྱད་སྟངས་ཤིག་ཏུ་ཆགས།

       ཡང་།  ཡུལ་ཕྱོགས་ཤིག་གི་ལོ་རྒྱུས་འགོ་ཁུངས་ཡིག་ཐོག་ཏུ་འཁོད་མེད་པ་ཞིག་ཏུ་གྱུར་ཡོད་ཚེ།  ངག་རྒྱུན་རྒྱུ་ཆ་འཚོལ་བསྡུ་ནི་དཔྱད་ཐབས་གལ་ཆེན་ཞིག་ཏུ་ཆགས་འདུག་པས།  གོང་སྨྲས་བཅར་འདྲི་དང་ཆེད་ལས་ཁ་བརྡ་བརྒྱུད་དེ་དེ་འབྲེལ་གྱི་ལོ་རྒྱུས་རྒྱུ་ཆ་བསྔོགས་ན།  ཡིག་ངག་གཉིས་ཐོག་ཕན་ཚུན་གྱི་སྟོང་ཆ་བསྐང་ཐུབ་ཅིང་།  སྐབས་འགར་ཡུལ་ཕྱོགས་ཀྱི་ལོ་རྒྱུས་དང་ཡུལ་ཆོས་ཤེས་བྱ་ལ་བརྟེན་ཏེ་སྐྱེས་ཆེན་དམ་པའི་རྣམ་ཐར་བརྩོམ་ཐུབ་ཅིང་།  སྐབས་འགར་སྐྱེས་ཆེན་དམ་པའི་རྣམ་ཐར་ལས་ཡུལ་ཕྱོགས་ཆེན་པོའི་ལོ་རྒྱུས་དང་ཡུལ་ཆོས་རྟོགས་ཐུབ་པའི་དཔྱད་ཐབས་ཀྱང་རྒྱུགས་ཆེ།  ཕྱི་མའི་དཔེ་བྱེད་ལ་རྗེ་དམུ་དགེ་བསམ་གཏན་ཚང་གིས་མཛད་པའི་ལོ་རྒྱུས་ཀུན་དགའི་མེ་ལོང་ལས་མདོ་སྨད་ཀྱི་སྐོར་ཕལ་ཆེ་བ་སྐྱེས་ཆེན་དམ་པའི་རྣམ་ཐར་མང་པོར་བརྟེན་ཡོད་པ་ལྟ་བུ།

སྐྱེས་ཆེན་དམ་པའི་རྣམ་ཐར་དང་འབྲེལ་ཏེ་ས་གནས་གྲོང་གསེབ་ཀྱི་ཡུལ་ཆོས་ལོ་རྒྱུས་ཞིབ་འཇུག་མཛད་པ་དང་།  ཡང་།  ས་གནས་གྲོང་གསེབ་ཀྱི་དངོས་བྱུང་ཡུལ་ཆོས་ལོ་རྒྱུས་ལ་བརྟེན་སྐྱེས་ཆེན་དམ་པའི་རྣམ་ཐར་རྩོམ་པ་ལྟ་བུ།  རྣམ་ཐར་དང་ས་གནས་གྲོང་གསེབ་ཀྱི་ཡུལ་ཆོས་ལོ་རྒྱུས་ཕན་ཚུན་གྲོགས་སུ་འཁྱེར་བའི་ཞིབ་འཇུག་འགྲོ་སྟངས་གཉིས་ནི།  དཔྱད་ཐབས་ཀྱི་རྣམ་བཞག་ལས་འགྲོ་སྟངས་གལ་ཆེན་ཏུ་བརྩི་ཞིང་། ལོ་རྒྱུས་དཔྱད་གཞིའི་ཡིག་ཁུངས་ལ་རིགས་གཉིས་མཆིས་ཏེ།  དམ་པ་གོང་མ་རྣམས་ཀྱི་རྣམ་ཐར་སོགས་སུ་འཁོད་པའི་ཡིག་ཐོག་རྒྱུ་ཆ་དང་།  ངག་ཐོག་ཏུ་བརྒྱུད་པའི་ཡུལ་ཆོས་ལོ་རྒྱུས་རྒྱུ་ཆའོ།  སྐབས་འགར་དེ་གཉིས་ཕན་ཚུན་ར་མི་འཕྲོད་པའི་གནས་ཚུལ་བྱུང་ཞིང་།  སྐབས་འགར་ཕན་ཚུན་སྒྲུབ་བྱེད་དུ་འགྲོ  དཔྱད་རྩོམ་འདིའི་ངག་རྒྱུན་ལོ་རྒྱུས་སྤྱི་ལོ་༡༩༨༨ པ་ནས་འགོ་བརྩམས་ཤིང་།  ༢༠༢༠ དབར་ཕལ་ཆེར་ལོ་ངོ་སུམ་ཅུ་ལྷག་གི་རིང་ས་གནས་སུ་ཡོད་པའི་འཇིག་རྟེན་རྒད་པོ་དང རྒན་མོ་མཐོང་རྒྱ་ཅན་དང་ཤེས་རྒྱ་ཅན་རྣམས་ལ་བཅར་འདྲི་དང་ཁ་བརྡ་ཡང་ནས་བསྐྱར་དུ་བྱས་ཤིང་།  གཅིག་མཐུན་ཅན་གྱི་ལོ་རྒྱུས་རྒྱུ་ཆ་རྣམས་གཏན་ལ་ཕབས་ཏེ་འདིར་དྲངས།  དེ་ལྟར་བྱས་ཀྱང་།  ད་དུང་དཀའ་ཁག་གཉིས་ལྷག་འདུག་པ་ནི།  གཅིག  ཁ་གྱ་ཚོ་དྲུག་ལས་གཙོད་ཁོག་གཞུང་འདི་སྔ་ཕྱི་གཉིས་སུ་འ་ཞ་དང་། སོག་པོས་མངའ་བསྒྱུར་མྱོངས་ཚུལ་གྱི་རྟགས་མཚན་མང་པོ་སྣང་ནའང་།  ད་ལྟ་ཡུལ་དངོས་སུ་འ་ཞ་བས་དམག་བརྡ་གཏོང་བྱེད་ཀྱི་གནའ་ཤུལ་དང་།  སོག་སྐད་ཀྱི་ས་མིང་འགའ་ལས་གཞན་ཡིག་ངག་གཉིས་ཐོག་ཏུ་མེད་པར་ཆགས་འདུག  གཉིས།  ཕྱིང་གུར་ཕུག་སྡེ་བ་དང་འབྲེལ་བའི་རུ་སྡེ་ཚོ་བ་གཞན་གྱི་ལོ་རྒྱུས་ཀྱི་འགོ་སློང་མཚམས་ག་དུས་ལ་ངོས་འཛིན་དགོས་པ། གལ་ཏེ་གུང་རུ་རྒྱལ་མཚན་བཟང་པོ་ཡུལ་འདིར་ཕེབས་མྱོངས་མེད་པ་ཡིན་ན།  དཀའ་ཁག་སྔ་མ་དེ་དཔྱད་རྩོམ་གཞན་ཞིག་ཏུ་འབྲི་རྩིས་ཡོད་པས་འདིར་རྒྱས་པར་མི་སྤྲོས་ཞིང་།  སྐབས་སུ་བབས་པ་ནི་དཀའ་ཁག་གཉིས་པ་ཡིན་པས་དཔྱད་གཞིའི་རྒྱུ་ཆ་རྣམས་གུང་བསྒྲིགས་ཏེ་རིགས་པའི་བརྡར་ཤ་གཅོད་དགོས།

གྲོང་གསེབ་ཞིབ་འཇུག་རང་རེའི་མཁས་པ་རྣམས་ཀྱིས་དོ་སྣང་མི་བྱེད་པས་རུ་སྡེ་སོགས་ཞིབ་འཇུག་གི་བརྒྱུད་ཐོབ་དཔྱད་གཞི་དཀོན་པར་མ་ཟད། ངག་རྒྱུན་ནའང་ཡུལ་ཆོས་ལོ་རྒྱུས་ཐར་ཐོར་རེ་མ་གཏོགས་མེད་ཀྱང་། བརྒྱུད་ཐོབ་དཔྱད་གཞི་ལག་ཟོན་བྱུང་བ་དག་ལས། སྡེ་བའི་ལོ་རྒྱུས་ཐོད་ཐུག་པ་ཞིག་མེད་པ་དང་། སྐབས་འགར་རྒྱབ་འགལ་དུའང་སྣང་ཞིང་། སྐབས་འགར་དབྱེ་ཞིབ་བྱས་པ་བརྒྱུད་སྡེ་བའི་ལོ་རྒྱུས་དེའང་སོམ་ཉི་ཞིག་གི་ནང་ཚུད། འདི་གཙོ་ཆེར་ཚོ་བ་དང་ཕྱོགས་པ་སོ་སོའི་ངག་རྒྱུན་དེ་ལོ་རྒྱུས་དངོས་ཐོག་ཏུ་མ་བཞག་པར་རང་ལ་གང་འཕྲོད་མང་པོ་བློ་བཟོ་བྱས་པའི་སྐྱོན་ཏུ་མངོན་ཞིང་། སྤྱིར་གྲོང་གསེབ་ཀྱི་ཡུལ་ཆོས་ཞིབ་འཇུག་པ་ཞིག་ལ་མཚོན་ན། བརྒྱུད་ཐོབ་དཔྱད་གཞི་བརྟག་དབྱེ་དང་ངག་རྒྱུན་བཅར་འདྲི་ཞེས་པའི་ཐབས་གཉིས་ཟུང་འབྲེལ་བྱེད་དགོས་ཤིང་། ཐབས་དེ་གཉི་ག་ལག་ལེན་ཏུ་འདེབས་སྐབས་སུ། འགལ་ཟླར་གྱུར་བའི་དཔྱད་གཞི་དང་ངག་རྒྱུན་ཕྱོགས་རེས་སུ་མ་སོང་བར་རྟགས་གཏན་ཚིགས་ཀྱི་རིགས་ལམ་སྒང་ནས་དབྱེ་ཞིབ་བྱས་ཏེ། ཞོ་ཆགས་ཆགས་ཀྱི་ཡུལ་ཆོས་གང་ཡོད་དེ་བཞིན་ཏུ་འགྲེལ་རྒྱུ་ནི། ཞིབ་འཇུག་པ་སུ་ཡིན་ཀྱང་ལྷ་བཟོའི་ཐིགས་རྩ་ལྟར་སྲུང་དགོས།

ལོ་རྒྱུས་གྱི་ཁུངས་འདེད་སྒྲུབ་བྱེད་འཚོལ་བསྡུ་ཐད་འཕྲད་སྲིད་པའི་དཀའ་ཁག་གསུམ་ནི། ཡིག་ཐོག་ན་དཀོན་པ། གནའ་རྫས་དང་གནའ་ཤུལ་མེད་བརླགས་སུ་བཏང་ཟིན་པ། ངག་རྒྱུན་ནའང་མ་ལག་ཆ་ཚང་ཞིག་མེད་པར་མ་ཟད་མི་རབས་རྒན་པ་རྣམས་ཕལ་ཆེར་རྫོགས་ཟིན་པ་བཅས་སོ།། ཡིག་ཐོག་ཏུ་འཁོད་པའི་མདོ་སྨད་སྤྱི་ཚོགས་ཀྱི་ལོ་རྒྱུས་དེབ་ཐེར་ཞིག་མེད་པས། ཕྱིང་གུར་ཕུག་ལྟ་བུའི་རུ་སྡེ་མང་པོའི་ལོ་རྒྱུས་ཡིག་ཐོག་ཏུ་བཙལ་རྒྱུ་མེད་པ་དང་། ངག་རྒྱུན་ལོ་རྒྱུས་ཀྱིས་ཕྱུག་པའི་མི་རབས་རྒན་པ་རྣམས་འདུས་ཟིན་པས། ངག་རྒྱུན་ཏུའང་རུ་སྡེ་སོ་སོའི་ལོ་རྒྱུས་ཆ་ཚང་ཞིག་ཕལ་ཆེར་མེད་པར་གྱུར། འདས་དང་ད་ལྟའི[3]་སྤྱི་ཚོགས་ལོ་རྒྱུས་གཉིས་ཀ་ཡིག་ཐོག་ཏུ་མེད་པར་གྱུར་བ་ཡིན་ན།  སྒང་བ་ཁྱོན་གྱི་འབྱུང་འགྱུར་སྤྱི་ཚོགས་ག་འདྲ་ཞིག་ཏུ་ཆགས་རྒྱུ་ཡིན་པ་བསམ་བློ་ཅུང་ཟད་བཏང་ན་ཝ་ལེར་འཆར་སླ།

དེ་བས། ལོ་རྒྱུས་གྱི་ཁུངས་འདེད་སྒྲུབ་བྱེད་འཚོལ་བསྡུ་ལས། གལ་ཆེ་ཤོས་ནི། ལོ་ན་བརྒྱད་བཅུ་ནས་དགུ་བཅུ་དབར་གྱི་རྒད་པོ་དང་རྒན་མོ་རྣམས་འཚོ་བཞུགས་ཀྱི་དུས་སྐབས་དམ་འཛིན་བྱས་ཏེ་བཅར་འདྲི་བརྒྱུད་གྲོང་གསེབ་སྤྱི་ཚོགས་ཀྱི་ལོ་རྒྱུས་ཤེས་རིག་ཉར་དགོས་ཤིང་། ལོ་རྒྱུས་གྱི་ཁུངས་འདེད་སྒྲུབ་བྱེད་ལ་ད་དུང་གནའ་རྫས་དང་གནའ་ཤུལ་བརྟག་དཔྱད་མེད་དུ་མི་རུང་བར་སྣང་། རུ་སྡེ་སོ་སོ་ན་ཡོད་པའི་གནའ་རྫས་དང་གནའ་ཤུལ་དག་རང་གི་རུ་སྡེའི་ནང་གནའ་རྫས་ཁང་འཛུགས་རྒྱུ་དང་། ཡང་། རུ་སྡེ་སོ་སོ་ན་འདུག་པའི་གནའ་རྫས་དང་གནའ་ཤུལ་དེ་དག་ཕལ་ཆེར་རིག་གནས་གསར་བརྗེའི་སྐབས་མེད་བརླགས་སུ་བཏང་ཟིན་ཀྱང་ཤུལ་ན་ལྷག་པ་དེ་དག་ཉར་གང་ཐུབ་གལ།

ཡང་། ངག་རྒྱུན་ལོ་རྒྱུས་བཅར་འདྲི་བྱེད་སྐབས་སུ། འདྲི་མཁན་ལ་འཛོམས་དགོས་པའི་ཆ་རྐྱེན་ནི། བོད་སྐད་གཙང་མའི་སྒང་ནས་དྲི་བ་འདྲི་ཤེས་པ། བཅར་འདྲི་བྱེད་སའི་མི་དེར་སྤྱི་ཚོགས་གནས་ཚུལ་ལ་འདྲིས་ཆ་ཡོད་པ། བཅར་འདྲི་བྱེད་ས་བོར་ཆ་རྒྱུས་ཡོད་པ་བཅས་གསུམ་འཛོམས་དགོས། ཡིན་ནའང་། ད་སྐབས་ཆ་རྐྱེན་དེ་གསུམ་ག་འཛོམས་པའི་ཡུལ་ཆོས་ཞིབ་འཇུག་པ་ཤིན་ཏུ་དཀོན།

དེ་བཞིན་ཏུ། བཅར་འདྲ་བྱེད་ས་བོ་ལ་མཚོན་ན། རུ་སྡེའི་སྤྱི་དོན་སྣ་ཚོགས་ནང་ཞུགས་མྱོང་ཞིང་། རུ་སྡེའི་འཕོ་འགྱུར་དང་ཡར་རྒྱས་ལ་ཉམས་བཞག་གནངས་ཡོད་པ། ཕ་སྐད་སྒང་ནས་དོན་དག་འགྲེལ་བརྗོད་ལ་དཀའ་ངལ་མེད་པ། ཡིད་འཛིན་བཟང་པ་བཅས་ཀྱི་ཆ་རྐྱེན་འཛོམས་དགོས། འདི་འདྲ་རུ་སྡེ་སོ་སོར་རེ་གཉིས་མ་གཏོགས་ལྷག་མེད་པས་སྤྱི་ཚོགས་ལོ་རྒྱུས་ཤེས་ཚད་ལ་བཀག་རྒྱ་བྱུང་། བཀག་རྒྱ་འདི་ལས་བརྡོལ་ཐབས་ཉག་ཅིག་ནི། རྫས་འགྱུར་བེད་སྤྱད་དེ་རྩོལ་བྱུང་གནའ་རྫས་དེ་དག་ལོ་ག་ཚད་བརྒྱུད་མྱོང་བའི་དུས་ཡུན་ཤེས་པར་བྱེད་པའི་བརྟག་དཔྱད་གཏོང་དགོས། གནའ་རྫས་བརྟག་མཁན་གྱི་ཆེད་ལས་བ་སྟེ། བོད་ཡིག་གི་རྐང་མཐུག་ཅིང་དེའི་གཞུང་ལུགས་ཤེས་མཁན་ཤིན་ཏུ་དཀོན་པའི་དཀའ་ཁག་འཕྲད་དང་འཕྲད་མུས་སུ་གདའ་ལ། མདོར་ན། རྩོམ་འདིའི་ནང་བརྒྱུད་ཐོབ་དཔྱད་གཞི་དབྱེ་ཞིབ་བྱེད་སྐབས་དཔྱད་གཞི་དཀོན་པའི་དཀའ་ངལ་དང་འཕྲད།  བཅར་འདྲི་བྱེད་མཁན་དང་བྱེད་ས་གཉིས་ཀ་རུ་སྡེ་གཅིག་གི་མི་ཡིན་པས་དཀའ་ཁག་མེད་ཅིང་།  ཡུལ་དངོས་གནས་ཚུལ་ཟིན་བྲིས་སུ་འདེབས་སྐབས་སུའང་དཀའ་ཁག་འཕྲད་མ་སོང་།

 

གཉིས་པ། ཕྱིང་གུར་ཕུག་སྡེ་བའི་སྣོད་བཅུད་ཁོར་ཡུག

        སྤྱིར་རུ་སྡེའམ་གྲོང་གསེབ་གང་ཞིག་གི་ཞིབ་འཇུག་ལ། ཐོག་མར་རུ་སྡེའམ་གྲོང་གསེབ་དེའི་རང་བྱུང་ཁོར་ཡུག་དང་སྤྱིཚོགས་ཁོར་ཡུག་རྒྱུས་ལོན་ཚད་ཐུབ་ཏུ་བྱེད་དགོས་པ་སྔོན་འགྲོ་ལྟ་བུའི་བྱ་བ་ཞིག་ཏུ་བྱེད་ཅིང་། སྣོད་བཅུད་གཉིས་གྱི་རྟེན་འབྲེལ་ལས་འཚོ་ཐབས་ཉམས་མྱོང་དང་། ཤེས་བྱ་མང་པོ་མི་རབས་ནས་མི་རབས་དབར་བསགས་ཏེ་ཡུལ་ཆོས་ཤེས་རིག་གྲུབ། ས་བབས་ཁོར་ཡུག་དང་རིག་གནས་དབར་གྱི་འབྲེལ་བ་དང་བཅས་པའི་གནས་ཚུལ་གསལ་བོར་རྟོགས་ན་བརྟག་དཔྱད་ཀྱི་འཇུག་ལམ་བདེ་བར་མ་ཟད། ཡུལ་དེའི་ཤེས་བྱའི་མ་ལག་དབྱེ་ཞིབ་འཐུས་ཚང་ཅན་ཏུ་འགྱུར་སླ་ཞིང་། དཔྱད་པའི་སྤུས་ཀ་དག་པོ་ཡོང་བ་བཅས་ཀྱི་དགེ་མཚན་གལ་ཆེན་དུ་མ་མཆིས་པས། འདིར་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་གཉིས་རིམ་པར་བརྗོད་པ་ལ།

༡  ཕྱིང་གུར་ཕུག་སྡེ་བའི་རང་བྱུང་ཁོར་ཡུག

       གངས་ལྗོངས་མདོ་སྨད་ལྡོང་གི་ཚ་ཆེན་བཅོ་བརྒྱད[4]་ལས་ཁ་གྱ་ཚོ་དྲུག་གི་ནང་ཚན། རྗེ་བདག་ཉིད་ཆེན་པོའི་ཐུགས་སྲས་འཕྲིན་ལས་ནམ་མཁའ་དང་མཉམ་པའི་བུ་ཆེན་བཞིའི་ཡ་གྱལ་མཚུངས་མེད་ཆོས་རྗེའམ་གུང་རུ་རྒྱལ་མཚན་བཟང་བོས་ཡུལ་མདོ་སྨད་དུ་ཐོག་མར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པ། དགེ་བཅུའི་རྟགས་མཚན་ཡོངས་སུ་སྨིན་པའི་རང་བྱུང་ཁོར་ཡུག ལྷག་པར་དུ་མེས་པོའི་བཤད་རྒྱུན་ལས། སྟག་མ་གཟིག་གི་སྡེར་ཐོག་ལྟ་བུའི་ས་བབ་ཏུ་ཆགས་ཤིང་། མདུན་གཡས་གཡོན་གཉིས་ནས་གཙོད་ཆུ་དང་ཁ་གྱའི་ཆུ་གཅིག་ཏུ་འབབས་ས། མདུན་རི་ནགས་དང་། རྒྱབ་རི་བྲག མདུན་རྒྱབ་རི་གཉིས་ཀྱི་དབར་འཁོབས་ཡངས་ཤིང་། གཙོད་ཆུ་མདུན་ནས་བཞུར་བས་རུ་སྡེའི་གཡང་གི་མཐའ་ར་བསྐོར་བ་། ཞིང་ལ་རི་མ་དང་ཆུ་མ་ཟུང་འཛོམས། ལུང་བའི་ཕུགས་སུ་རྩྭ་ས་འཛོམས་པས་འབྲོག་ལས་རྒྱས་ས། ཉེ་འདབས་སུ་རྩྭ་དང་རྩི་ཤིང་སྣ་ཚོགས་ནགས་ཚལ་གྱིས་ཕྱུག་པ།

       བྱེ་བྲག་ཏུ། མདུན་གྱི་ནགས་རི་སྐྱ་ཤར། སྲེན་འདུས། ཁ་གྱའི་ཆུའི་ཕ་རོལ་ན་འགྱིངས་པའི་རྒྱ་ལུང་ནང་། ཚུར་རོལ་ཁ་གྱའི་ཁོག་གི་ཞིང་ཆུ་མ་དང་།  ནས་ཤར་གྱི་མདོ་དང་ཕུགས། གཡོན་གྱི་སྡེ་འདབས་དང་འབྲེལ་བའི་ལག་སྐོར་ཤར་དང་། ནགས་ཤུར་ཆེ་ཆུང་། ཁམས་དྭངས་བླ་ག་དང་། ས་རྒོད་ཀླད། དེ་ནས་རྒྱབ་རིའི་འདབས་དེད་དེ་རིམ་གྱིས། དཔའ་མཁར་སྒང་ངམ་སྤངས་དཀར་ཁ་དང་། ལ་རྩེ་ཁ། རི་དཀྱིལ་ཐོད།  གཡས་གྱི་སྐྱ་ཏིས་འཚལ་དང་། གཡོན་གི་སྣ། རྐྱང་ཤར། དེ་ནས་རྟ་རྫོང་ནང་ཉིན་སྲུབ། རིམ་གྱིས་ཕུགས་དེད་ན་སླས་གཞིས། གླ་རྒན་སྒང་འགོ ལུང་བ་ནགས་སྡང་ཆེ་ཆུང་། སྲུ་མོ་གོང་འགབ་དང་གཡང་མིག་སྒང་། ཆ་ལུང་ནང་། རབ་ལུང་གོང་ཞོལ། ཆ་གཅགས་ནང་། རྒྱུ་ལས་ནང་། ཆུ་འགོ་ཤར་གོང་ཞོལ། ཁ་ཡངས་གོང་འགབས། རིའི་ལུང་བ། བྱམས་པའི་ལུང་མདོ་དང་སྟག་རིའི་སྒང་། དེ་ནས། མ་བཞུགས་ཀླད། ཝ་ཚང་སུམ་སྣ། གུར་བཅའ་སོགས་ས་མིང་དང་རི་མིང་རེ་རེར་སྒྲུང་རེ་དང་། དེ་དག་རེ་རེའི་མིང་དང་དོན་སྤྱི་རེ་རེ་རུ་སྡེ་འདིའི་ཤེས་བྱའི་འབྱུང་ཁུངས་གལ་ཆེན་ཏུ་ཆགས་ཤིང་། མིང་དེ་དག་དང་དོན་སྤྱི་དེ་དག་དང་འབྲེལ་བའི་དངོས་པོ་ལ་བསྟེན་ཡུལ་མིའི་ཉིན་རེའི་འཚོ་བ་བསྐྱལ་བའམ། འཚོ་ཚོས་སྒྲུབ་པའི་ངལ་རྩོལ་བརྒྱུད་དེ་ཉམས་རྟོགས་བླངས་དང་ལེན་བཞིན་པ་དེ་དག་ཡིག་ཐོག་ཏུ་ཕབས། ཕབས་པ་དེ་དག་གོ་སླ་བར་བྱས་ཏེ་བུ་རབས་ཚ་རྒྱུད་རྣམས་ཀྱི་རྒྱུན་ཤེས་སུ་འཇགས་པ་ན། ཕྱིང་གུར་བའི་སེམས་ཁམས་ཆགས་བྱེད།  ཤེས་རིག་གི་གཏེར་མཛོད་དུ་བསྐྲུན་པ་དང་ཀུན་ནས་མཚུངས་ཤིང་།  འདི་ནི་དོན་གྱིས་འཇང་རྒན་གུར་དམར་གསེར་ཏོག་ཅན་གྱི་སྐུ་ཕྲེང་གི་མཚན་གྱི་ཐོག་མའི་འབྱུང་ཁུངས་ཏེ།  ཕྱིང་གུར་ཕུག་སྡེ་བའི་རང་བྱུང་ཁོར་ཡུག་ཏུ་ལྷུན་གྱིས་གྲུབ།

༢  ཕྱིང་གུར་ཕུག་སྡེ་བའི་སྤྱི་ཚོགས་ཁོར་ཡུག                                               ཕྱིང་གུར་ཕུག་སྡེ་བའི་སྤྱི་ཚོགས་ཁོར་ཡུག་ལ་གཉིས་ཏེ།  དང་པོ།  སྡེ་བའི་ཉེ་འཁོར་སྤྱི་ཚོགས་ལ།  ཁ་གྱ་སྨད་ཀྱི་སྡེ་བ་ལས།  ཤིང་ར།   འབོ་ར།   གུང་མཆོད་ཤར།   བློ་འདུལ་མདོ།   ཁ་གྱའི་སྒར[5]་དང་གཙོད་སྒར་སོགས་དང་།   ཡང་།   ལྷ་སྡེ་གཅིག་པའི་གྲོང་གསེབ་དང་དགོན་པ་ལ།  སྤྲེའུ་ལུང་ཕུག་འདབས་དང་།  ཚོ་ཚ་གོང་ཞོལ།   བཀྲ་ཤིས་རྣམ་རྒྱལ་གླིང་།   གོ་རྒྱུ་བླ་ཀ   ཐང་དཀར་ནང་སོགས་རུ་སྡེ་མང་པོ་དང་།   ལྷག་པར་དུ་བྱང་ཉི་མ་བླ་བྲང་བཀྲ་ཤེིས་འཁྱིལ་དང་དེའི་བུ་དགོན་བཀྲ་ཤིས་རྣམ་རྒྱལ་གླིང་གཉིས་ཀྱི་རིག་གནས་ཤུགས་རྐྱེན་བཀའ་དྲིན་འོག་ཡུལ་མིའི་དད་པ་དག་སྣང་དང་སེམས་ཁམས་ཆགས་རྒྱུར་ཕན་ཞིང་།  དེ་འབྲེལ་ཡུལ་ཆོས་མ་ལག་སོགས་ཀྱིས་ཕྱི་ཡི་སྤྱི་ཚོགས་ཁོར་ཡུག་གྲུབ།

       གཉིས་པ།  སྡེ་བ་རང་གི་ཁོར་ཡུག་ལ།  ལོ་དྲུག་བརྒྱ་ཡས་མས་ཀྱི་ལོ་རྒྱུས་ལྡན་ཞིང་། ཡུལ་མིའི་རྩོལ་བ་དང་བློ་རིགས་བཅས་ལ་བརྟེན། ཕྱིང་འཐག་ཏེ་ཕྱིང་གི་གུར་ཕུག་ཤེས་པ་དང་། ས་རྒོད་བརྐོས་ཏེ་དུང་རྙེད་པ་སོགས་བྱུང་བའི་ཉིན་ནས་འགོ་ཚུགས་ཤིང་། མི་འབོར་འཕེལ་བ་དང་ལྷན་རིམ་གྱིས་ཤེས་བྱའི་རྒྱ་བསྐྱེད་ཏེ་སྡེ་བའི་མ་ལག་གྲུབ་པས། རུ་སྡེའི་ཤེས་བྱ་ལ་རྩ་བའི་ཆ་ནས་རིགས་གསུམ་སྟེ། ༡ རང་བྱུང་ཁམས་ངོས་བཟུང་སྟེ་བསགས་པའི་ཤེས་བྱ་དང་། ༢ མིའི་རྩོལ་བ་ལ་བརྟེན་གསར་བཏོད་བྱས་པའི་ཤེས་བྱ། ༣ དད་པ་དང་འབྲེལ་བའི་ཤེས་བྱ། ༤ གཞན་ནས་བསླེབས་པའི་ཤེས་བྱ་བཅས་ལག་ལེན་བྱེད་བཞིན་མཆིས།  ཕྱིང་གུར་ཕུག་སྡེ་བ་ནང་ལོག་གི་ཁོར་ཡུག་གྲུབ་བྱེད་ལ།

      ༤   མི་སྣ་གལ་ཆེན།

      གུང་རུ་རྒྱན་མཚན་བཟང་པོ། འདི་བར་མཚན་གྱི་རྣམ་གྲངས་གཞན་དུ་མ་མཆིས་པ་ལས། མཚུངས་མེད་ཆོས་རྗེ་དང་། འཇང་རྒན། འཇང་རྒན་གུར་དམར་གསེར་ཏོག་ཅན་བཅས་ཡིག་ངག་གཉིས་ཐོག་ན་འདུག མདོ་སྟོད་ལྷོ་རོང་དུ་རབ་བྱུང་དྲུག་པའི་ཆུ་ཕག་(༡༣༨༣) ལོར་འཁྲུངས་ཤིང་། ལྕགས་རྟ་(༡༤༥༠) ལོར་སྐུ་གཤེགས།[6] ཁོང་གི་མཚན་ལ་མཚུངས་མེད་ཆོས་རྗེ་ཞེས་ཐོགས་དོན་ལ།  མཁས་གྲུབ་ནོར་བཟང་རྒྱ་མཚོ་དང་། ལྔ་བ་ཆེན་མོའི་དངོས་སློབ་མཁར་ནག་ལོ་ཙྭ་བ་དཔལ་འབྱོར་རྒྱ་མཚོ་སོགས་གངས་ལྗོངས་ཡོངས་གྲགས་མཁས་གྲུབ་མང་པོ་ཐུན་མོང་ནས། ཆོས་རྗེ་གུང་རུ་རྒྱལ་མཚན་དཔལ་བཟང་པོ་འདི་བ་ནི་ལུང་རིགས་སྨྲ་བ་ལ་མཚུངས་པ་མེད་པས་དེ་ལྟར་གྲགས་པར་བཞེད།  ཁོང་དང་ཁ་གྱ་ཁག་གསུམ་ནི་ཕྱིང་གུར་ཕུག་སྡེ་བའི་གཞི་འཛིན་དང་པོ་ཡིན་ཞིང་། ཁ་གྱ་ཁག་གསུམ་ལས་ཁ་གྱ་ཐོག་མའི་ཕ་གཡོག་མཆེད་དེ་བྱུང་། ཁོང་མདོ་སྨད་དུ་ཕེབས་རྐྱེན་གཙོ་བོ་གངས་ཅན་མཁས་པའི་གཙུག་རྒྱན་ཤར་ཙོང་ཁ་བ་ཆེན་པོའི་ཐུགས་དགོངས་དང་བཀའ་གསུངས་ལྟར་བྱོན་པ་ཡིན་ཚུལ་ངག་རྒྱུན་ཏུ་གསལ། ཞིབ་ཏུ་ཤེས་འདོད་ཅན་གྱིས་སྡེ་བའམ་གྲོང་གསེབ་འདིའི་ལོ་རྒྱུས་ལ་ཞིབ་ཏུ་གཟིགས་པར་ཞུ།

མུ་ཏོ་སྐུ་ཕྲེང་རིམ་བྱོན། སྤྱི་ལོ་༡༩༥༣ པར་ཀན་ལྷོ་བོད་རང་སྐྱོང་ཁུལ་འཛུགས་རགས་དབར་དང་། ཚུགས་པ་ནས་ད་ལྟའི་དབར་དུ་ཕྱིང་གུར་ཕུག་སྡེ་བ་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་ལག་ཅིག་དང་མི་སྡེ་བྱས་ཏེ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་སྐུ་རྒྱུད་གསེར་གྱི་གདུགས་འོག་ཏུ། མུ་ཏོ་སྐུ་ཕྲིང་རིམ་བྱོན་གྱིས་སྒར་གྲོང་གཉིས་ཀྱི་སྐྱིད་སྡུག་གི་སྣེ་གང་ཟིན་དེ་ལྷོད་མྱོང་མེད་པར། བསྟན་སྲིད་འཕྲིན་ལས་ཀྱི་ཕྱར་གྲུ་འདེགས་ཅི་ཐུབ་མཛད་པ་ལ། སྒར་གྱི་འགྲོ་སྟངས་ཕྱག་ལེན་མཐའ་དག མཚམས་གཉེན་པ་དང་འདུལ་ཁྲིམས། དགོན་པའི་འདོན་རྟ་དབྱངས་གསུམ། བདེ་གསང་འཇིགས་གསུམ་གྱི་བདག་འཇུག་ཆག་མེད་ངང་སྔར་སྲོལ་མ་ཉམས་པར་སྐྱོང་བཞིན་པ་དང་། ཞར་དུ། གྲོང་བའི་སྤྱི་ཚོགས་འབྲེལ་ལམ་བརྟན་བརླངས་སུ་འཁོད་པ་དང་། སྒར་གྲོང་དབར་ཕན་ཚུན་འབྲེལ་ལམ་གཡའ་དག་པའི་མེ་ལོང་ཇི་བཞིན་གསལ་ལེར་འཁོད། མཐའ་ན་བསང་ལ་རྩེ་དང་། བཅིབས་བསུ། སྡེ་འགྲིགས་དང་ལེན། ཡ་རབས་སྤྱོད་བཟང་སོགས་སྤྱི་ཚོགས་ཀྱི་སྒྲིག་གཞི་ནས་གྲུབ་ཆ་ས་སོའི་དབར་གྱི་འབྲེལ་ལམ་ཚགས་ཚུད་དུ་བྱས་པ་སོགས་ལུས་སེམས་གཉིས་གའི་བདེ་ཐང་ལ་ཐུགས་ཁུར་ཉེ་རིང་མེད་པར་འདྲ་མཉམ་དུ་མཛད་དེ། བཀྲ་ཤིས་རྣམ་རྒྱལ་གླིང་བསྐྱངས་དང་སྐྱོང་མུས་སུ་མཆིས་ཤིང་། 

བཀྲ་ཤིས་སྒར་གྱི་སྒར་འགོ་དང་འཚོ་བ་གོང་ཞོལ་གཉིས་ཀྱི་ལུང་འགོ་བླ་བྲང་བཀྲ་ཤིས་འཁྱིལ་ལ་བཏགས་ཤིང་། མུ་ཏོ་སྐུ་ཕྲིང་རིམ་བྱོན་གྱིས་ཐུགས་སྐྱོང་གནང་འགོ་ཚུགས་པ་ནས་བཟུང་། ཕྱིང་གུར་ཕུག་སྡེ་བའི་འདི་ཕྱིའི་སྐྱིད་སྡུག་གི་རྩ་བའི་བླ་མར་གྱུར། སྐུ་ཕྲིང་རེ་རེ་འདུལ་ཁྲིམས་གཙང་ཞིང་། སྒྲུབ་པ་ཉམས་ལེན། འཆད་རྩོད་རྩོམ་གསུམ་ལ་གཞོལ་བས་མཁས་པའི་གྲགས་པ་མཐོ་ཞིང་། ལྷག་པར་དུ་སྐུ་ཕྲིང་གོང་མར་གསུང་རྩོམ་བཅུ་གསུམ་ལྷག་བཞུགས་ཚུལ་ཡོད་ནའང་། རིག་གནས་གསར་བརྗེ་ཆེན་པོའི་སྐབས་མེད་བརླགས་སུ་བཏང་ཞེས་བཤད་སྲོལ་མཆིས། ད་ལྟའི་སྐུ་རབས་འདི་ཀུན་མཁྱེན་འཇམ་དབྱངས་བཞད་པས་ཐུགས་ཐག་བཅད། བསླབ་བ་སློབ་གཉེར་ལ་གཞོལ་བ་གཙང་བོའི་རྒྱུན་བཞིན་མཛད་པས། བླ་བྲང་བཀྲ་ཤིས་འཁྱིལ་དུ་ཁ་ལས་དགེ་ཞིང་། ཀུན་གྱི་ཁ་ཆོད་པའི་རྟོགས་པའི་ཡོན་ཏན་མངའ། ཡང་། གྲོང་བའི་སྐྱིད་སྡུག་གང་ལ་ཐུག་ཀྱང་ཡོད་མེད་མཐོ་དམའ་མེད་པར་བྱང་སེམས་ཚངས་ཐིགས་འདྲ་མཉམ་དུ་འཆིངས་མུས་སུ་སྣང་།

       དེ་མིན་རུ་སྡེ་འདིར། རུ་སྡེ་དཀྱིལ་གསུམ་ལ་ཤ་ཚ་ཞིང་། སྡེ་དོན་ལ་ཐུག་ན་སྲོག་ཕར་བསྔོས་བྱེད་ཐུབ་པ། གྱོད་འདོམས་སྐབས་རྣམ་དཔྱོད་ལ་ངར་ཁ་བཙན་པས་ཕམ་ཁ་མི་ལེན་པ། ཨ་ཁུ་འབྲུག་རྒྱལ་གྱོལ་བོ་དང་གུ་རུ་སྐྱབས་ལྟ་བུ་དང་། ས་མཐའ་འགྲིམ་ཏེ་རྒྱལ་བོའི་ཕོ་བྲང་དུ་ཕེབས་ཤིང་ས་སྐྱོང་ཆེན་པོ་དང་སྤུན་བསྒྲིགས་མྱོང་མཁན། ཚེ་ཁོའི་རྒྱ་མཚོ་ལྟ་བུ་དང་། རིགས་རུས་གཙང་བའི་ཁ་གྱ་ཐོག་མའི་ཁྱིམ་ཞིག་ལ་སྤྲུལ་སྐུ་འཁྲུངས་པ། ཨ་ལགས་ཨ་ཆུང་ཚང་དང་། རྒྱལ་སྐོར་ཕ་གཡོག་གི་ཁྱིམ་ཚང་ཞིག་ལ་ཨ་ལགས་མདན་ཚང་སྐུ་ཁྲུང་བ་ལྟ་བུ། དེ་མིན་ད་དུང་། དཔའ་དང་སྤོབས་པ་འཛོམས་ཤིང་། རྟོགས་པའི་ཕུགས་རྒྱང་རིང་བས་རུ་སྡེ་དང་མི་རིགས་ཀྱི་སྐྱིད་སྡུག་འགན་ཏུ་བླངས་པ་རྐྱེན་བྱས་ཏེ་བཙོན་ཏུ་མི་ལོ་བཅུ་གསུམ་བསྡད་མྱོང་བ། ཁ་གྱའི་མགོན་པོ་ཚང་གི་ཡི་དམ་སྐྱབས་སམ་གཅེས་མིང་ལ་སྐྱབས་ལོ་ལྟ་བུ་སོགས་མང་།

 

གསུམ་པ། ཕྱིང་གུར་ཕུག་སྡེ་བའི་སྲོལ་རྒྱུན་ལོ་རྒྱུས།

   སྤྱིར་ཕྱིང་གུར་ཕུག་སྡེ་བའི་འདས་ཟིན་སྔར་བྱུང་གནད་དོན་ཐམས་ཅད་ད་ལྟ་ཤེས་དཀའ་ནའང་། ད་ལྟ་འཚོ་བཞུགས་གནངས་བཞིན་པའི་མི་རྒན་རྒོན[7]་དག་གི་མི་ཚེའི་བརྒྱུད་ལམ་ལོ་རྒྱུས་ལ་བརྟེན་ནས་རུ་སྡེ་འདིར་བྱུང་མྱོང་པའི་དུས་འགྱུར་དོན་ཆེན[8]་རྣམས་ཀྱི་ཟ་ཟུར་མཐའ་དག་བཅར་འདྲི་བྱས་ཏེ་ཁོང་རྣམས་ཀྱི་དྲན་ངོས་ནས་ཡིག་ཐོག་ཏུ་ཕབས་དགོས་བྱུང་ཡོད་པར་མ་ཟད། རུ་སྡེའི་འབྱུང་ས་འབྱུང་ཁུངས་དང་། སྒར་འགོ་ལུང་འགོ་སོགས་ཀྱི་ལོ་རྒྱུས་འབྲེལ་ལམ་དང་། འཕོ་འགྱུར་བྱུང་རིམ་ག་འདྲ་ཡིན་པ་གསལ་བར་བྱེད་རྒྱུ་དང་། ལོ་རྒྱུས་རྒྱུ་ཆ་མེད་པ་བརྟག་དཔྱད་སྣ་ཚོགས་བཏང་ཏེ་བསྔོག་རྒྱུ། འདི་ལྟར་བྱས་ཚེ། བུ་རབས་ཚ་རྒྱུད་རྣམས་ལ་མ་འོངས་རྒྱགས་ཆས་སུ་བྲིན་ཞིང་། རུ་སྡེའི་ཡུལ་ཆོས་རྒྱུན་སྐྱོང་དང་ཉར་ཚགས་ལ་ཕན་རླབས་ཆེ།

       སྡེ་བའི་ལོ་རྒྱུས་ཐད།  ངག་ཐོག་དང་ཡིག་ཐོག་གཉིས་གར་བརྟག་ན། ཚན་ཚུན་ཁ་གསབ་ཀྱི་དགེ་མཚན་ཆེན་པོ་མཆིས་ཤིང་། ངག་རྒྱུན་ན་མེད་པ་ཡིག་ཐོག་ཏུ་འདུག་ལ། ཡིག་ཐོག་ཏུ་མེད་པ་ངག་རྒྱུན་ཏུ་འདུག་པས་རུ་སྡེའི་ལོ་རྒྱུས་ཅུང་ཆ་ཚང་ཞིང་། ཁུངས་ལྡན་པ་ཞིག་ཏུ་གྱུར། ཡིན་ནའང་། ཡིག་ངག་གཉིས་ཐོག་གི་ལོ་རྒྱུས་ཐོད་མི་ཐུག་སའང་འདུག་ཚུལ་ལ། དཔེར་ན། དུང་དཀར་ཚང་གིས་གུང་རུ་རྒྱན་མཚན་བཟང་པོ་སེ་རར་སྐུ་གཤེགས་པར་འདོད། ཡང་། ངག་རྒྱུན་གྱི་བཤད་སྲོལ་ལྟར་ན། ཁ་གྱའི་སྒར་རྙིང་དུ་སྐུ་གཤེགས། འདི་གཉིས་ར་འཕྲོད་བྱེད་ཀྱི་ཡིག་ཆ་གལ་ཆེན་ཞིག་ཏེ། མཚུངས་མེད་ཆོས་རྗེའི་སྐུ་གདུང་གཟུངས་བཞུགས་ཀྱི་དཀར་ཆག་ཅེས་པའི་ཡིག་ཆ་དེ་བཙལ་དགོས་ཤིང་། དེ་མ་རྙེད་བར་དུ་སྐུ་ས་གང་དུ་གཤེགས་ཚུལ་གྱི་ཁ་མཚོན་གཅོད་དཀའ་བར་སྣང་།

       ངག་རྒྱུན་ན་མཆིས་པའི་སྡེ་བའི་ལོ་རྒྱུས་ལས།  དང་ཐོག་གུང་རི་རྒྱལ་མཚན་བཟང་པོ་སྟོད་དབུས་གཙང་གི་ཆོས་སྡེ་ཆེན་པོ་དཔལ་སེ་ར་དགོན་ཏུ་བཞུགས་སྐབས་སུ། རྒྱུན་པར་འཕྲུལ་གྱིས་ལྷ་མོ་ཞིག་ལ་ཁོང་ལ་སྐུ་གཡོག་ཞབས་ཞུ་བསྒྲུབས་ཏུ་བཅུག་པས། དེ་དུས་གྲྭ་ས་ཡོངས་ནས་ཁོང་ཉིད་ལ་འདུལ་ཁྲིམས་ཉམས། ཅེས་ཟ་བར་མཐུང་བར་དུ་གླེང་། ཉིན་གཅིག་སེ་ར་དགོན་གྱི་ཁྲི་བ་ཐུགས་ཁྲོས་སྟེ་ལྷ་མོས་ཆུ་ཁུར་ནས་ཁོང་གི་གཟིམ་ཤག་ཏུ་སོང་བར་རྗེས་དེད། ལྷ་མོས་ཆུ་བྱོ་མ་ཚར་གོང་ལ་ཁྲི་བ་ཤག་ནང་དུ་བསླེབས་ནས་ལྷ་མོ་ཟོ་ལུང་དང་བཅས་ཐང་ཀར་འཐིམས་ཤིང་། ལྷ་མོའི་ཐང་ཀ་རང་བྱོན་མ་དེ་ནས་བྱུང། ཕྲལ་མར་ཁྲི་པའང་ཡ་མཚར་ཏེ་ཁོང་ལ་བསྔགས་བརྗོད་མང་དུ་མཛད་ཅིང་། ཁྲི་བ་ན་རེ། ཁྱེད་བས་འདི་འདྲའི་མཛད་པ་མ་གནང་། ཞེས་ཞུས་པར། དམ་པ་ཁོང་ཉིད་ཀྱིས་ཀྱང་དེ་ལྟར་ཞལ་གྱིས་བཞེས། རྗེས་སོར་དགའ་ལྡན་དུ་ཕེབས་ནས། སྐབས་དེ་ཀར་ཞྭ་སེར་བསྟན་པའི་བདག་པོ་གངས་ཅན་མཁས་པའི་གཙུག་རྒྱན་ཤར་རྗེ་ཙོང་ཁ་བ་ཆེན་པོའི་ཞབས་ལ་སྒོ་གསུམ་གུས་པས་ལུང་བསྟན་ཞུས། བདག་ཉིད་ཆེན་པོས་ཁོང་ལ་རྟེན་རྫས་འགངས་ཅན་སངས་རྒྱས་འོད་བསྲུངས་ཀྱི་ཚེམས། ཤ་རེའུ་བུའི་ཆོས་གོས། དེའི་གདིང་བ་བཅས་སྣང་། ཞར་ལ་རྗེ་བདག་ཉིད་ཆེན་པོས་ཁྱེད་རང་ཤར་ཕྱོགས་སུ་སོང་དང་། གདུལ་བྱ་དང་འགྲོ་དོན་དེ་ན་ཡོད། ཅེས་གསུང་བ་ཇི་བཞིན་ཁོང་སྐུ་ཉེ་འཁོར་དང་བཅས་པ་ཆིབས་ཁ་མདོ་སྨད་དུ་བསྒྱུར། ལམ་བར་དུ་འཇང་ཡུལ་དུ་བཞུགས་ནས་དེ་ཀའི་རྒྱལ་པོའི་བླ་མར་བཞུགས། དེ་ནས་ཁོང་ཉིད་ཀྱི་མཚན་ལ་འཇང་རྒན་ཐོགས་ཤིང་། དུས་ཅུང་མ་འགྱངས་པར་ཆིབས་ཁ་ལུང་བསྟན་ཇི་བཞིན་ཤར་ཕྱོགས་སུ་བསྒྱུར། དེ་ནས་དེང་སང་ཕྱིང་གུར་ཕུག་སྡེ་བའི་ཆགས་གནས་སུ་ཞབས་གསོལ་བདེ་བར་འཁོད། སྐུ་འཁོར་ལ་ཁྱིམ་ཁ་གསུམ་ཡོད་པ་ལས། ཁ་གྱ་ཚང་དང་ཁྱིམ་ཚང་གཞན་གཉིས་ཡོད། ཁྱིམ་ཚང་གསུམ་གས་ཕྱིང་དཀར་པོའི་གུར་ཞིག་ཕུགས་སྟེ་གཞི་ཐོག་མར་བཟུང་ཞིང་། ཁོང་སྐུ་ཉིད་ལ་གུར་དམར་པོ་གསེར་ཏོག་ཅན་ཞིག་ཕུགས་སྟེ་བཞུགས། སྔར་གྱི་མཚན་འཇང་རྒན་དང་གུར་དམར་གསེར་ཏོག་གཉིས་བསྡུས་སྟེ། འཇང་རྒན་གུར་དམར་གསེར་ཏོག་ཅན་ཞེས་པའི་མཚན་འདི་ཐོག་མར་བྱུང་ཞིང་། ས་ཡང་ཁ་གྱའི་བེ་ཧུ[9]་ནས་གཡར། དེ་དུས་ཡུལ་འདིར་ཞིང་ལས་མེད་པར་འབྲོག་ལས་རྐྱང་རྐྱང་ཡིན་ཚོད་དུ་འདུག

    སྐུ་འཁོར་འཚོ་ཆེད་དུ་ཐང་བདེ་སར་ས་རྒོད་བརྐོས་སྟེ་ནས་བཏབ་ཅིང་ཞིང་ལས་ཐོག་མར་དར། སྡེ་བའི་མདུན་ན་རི་སྣ་ཞིག་ཡོད། དེའི་མིང་ལ་དུང་དཀར་སྣ་ཟེར། ས་རྒོད་རྐོ་སྐབས་སུ་རི་སྣ་དེའི་ཐང་དེ་ནས་དུང་དཀར་པོ་ཆེན་པོ་ཞིག་རྙེད་པས་རི་སྣ་དེའི་མིང་ལ་དུང་དཀར་སྣ་ཞེས་མིང་ཐོགས། རི་སྣ་དེའི་སྒང་ལ་དུང་དཀར་ཀླད། ཅེས་མིང་ཐོགས། སྡེ་བའི་ས་གནས་གཅོག་ཆེད་དུ་སྡེ་དཀྱིལ་དུ་སྐུ་འབུམ་ཞིག་བཞེངས། ནང་རྟེན་ལ། ཤ་རིའི་བུའི་གདིང་བ་ཡོད་ཁོ་ཐག་ཡིན་ལ། ཡང་འགའ་ཞིག་གིས་སངས་རྒྱས་འོད་བསྲུང་གི་ཚེམས་ཞིག་ཀྱང་ཡོད། ཅེས་བཤད་སྲོལ་ཡོད། ནང་རྟེན་འདི་དག་ཡོད་མེད་བདེན་མིན་གྱི་གནས་ཚུལ་མཚུངས་མེད་ཆོས་རྗེའི་སྐུ་གདུང་གཟུངས་བཞུགས་ཀྱི་དཀར་ཆག་ཏུ་ཅུང་ཟུར་ཙམ་ཡོད་པར་སྐད། ལོ་མང་པོའི་རྗེས་སུ། མཚུངས་མེད་ཆོས་རྗེའམ་འཇང་རྒན་གུར་དམར་གསེར་ཏོག་ཅན་གྱི་བཞུགས་གནས་ཁམས་དྭངས་བླ་ཀར་སྤོས། གནས་དེར་དམ་ཅན་ལྷ་ཁང་ཞིག་བཞེངས། དེའི་ནང་རྟེན་ལ་ཤ་རེའི་བུའི་ཆོས་གོས་གཙོས་ཤིང་། འོད་བསྲུང་གི་ཚེམས་ཤིག་ཀྱང་ཡོད་སྐད། བསྲུང་མ་དམ་ཅན་དང་རྨ་ཆེན་ཡིན།

       ལོ་དུ་མའི་རྗེས་སུ། འཇང་རྒན་གུར་དམར་གསེར་ཏོག་ཅན་ཁ་གྱའི་སྒར་རྙིང་དུ་ཕེབས། སྐབས་དེ་དུས་ཁ་གྱའི་བེ་ཧུ་སྐྱབས་ལོ་ཞེས་པའི་དཔོན་པོ་ཞིག་ཡོད་ལ། དེའི་བླ་མར་བཞུགས། སྐབས་དེར་སྐྱབས་ལོ་རྒྱ་ལ་མགོ་མ་སྒུར་བས་ཡ་རྫིའི[10]་མཁར་དུ་སྲོག་ཁྲིམས་བཅད། དེ་ནས་ཁ་གྱའི་ཁྲིམས་འགོ་ཡ་རྫིར་ཤོར། སྐབས་དེར། ཁ་གྱའི་བེ་ཧུ་སྐྱབས་ལོ་ལ་གཅུང་མོ་ཇོ་མོ་ཞིག་ཡོད། དེས་བླ་མ་འཇང་རྒན་ལ་མགོ་བཏགས་སྟེ་གདན་དྲངས། རྗེས་སུ་ཐོབ་དབང་དང་། ཆོས་སྲིད་གཉི་གའི་དབང་ཐམས་ཅད་བླ་མར་ཕུལ། འཇང་རྒན་གུར་དམར་གསེར་ཏོག་ཅན་གྱིས་ཀྱང་ལྷ་མོའི་ཐང་ཀ་རང་བྱོན་མ་དང་། དང་ཐོག་ཕྱིང་གུར་ཕུག་ནས་རྙེད་པའི་དུང་དཀར་པོ་དེ་ཇོ་མོར་རྟེན་བསྐལ་དུ་གནང[11]་། མ་འགྱངས་པར་འཇང་རྒན་སྐུ་གཤེགས།[12] སྐུ་མྱུར་བར་བྱོན་ཀྱང་ས་གང་དུ་འཁྲུངས་ཚུལ་གསལ་ཆ་མི་འདུག

       ཡུལ་མིའི་མི་ཚེའི་ཟློས་གར་སྣ་ཚོགས་ལོ་རྒྱུས་དལ་འབབ་རང་མོའི་བཞུད་འགྲོས་དང་ལྷན། འཇང་རྒན་གུར་དམར་གསེར་ཏོག་ཅན་སྐུ་ཐོག་འགའ་འདས་རྗེས་ཀྱི་སྐབས་ཤིག་ནས། ཕྱིང་གུར་ཕུག་སྡེ་བ་དང་ཁ་གྱའི་འགྱངས་རོ་ནང་མ་མཐུན་པར་གྱོད་ལ་ཐུག གྱོད་གྱི་བྱུང་རྩ་ནི། འགྱངས་རོའི་ནང་བའི་ཕྱག་མཛོད་ཚུལ་ཁྲིམས་དང་གཉེར་བ་ཆར་སྐམ་བན་བདེ་གཉིས། ཕྱིང་གུར་ཕུག་སྡེ་བར་ཡོད་པའི་ཁ་གྱའི་ནང་བའི་ཐོབ་ཐང་ལ་ཕྲག་དོགས་ཆེན་པོ་སྐྱེས་ཤིང་། གཡོ་ཐབས་སྣ་རྒུ་སྤྱད་དེ་ཕྱིང་གུར་སྡེ་བའི་དབང་དང་ཐོབ་ཐང་ལེན་རྩིས་བྱས་མཐར། ཕྱིང་གུར་ཕུག་སྡེ་བ་དང་ཁ་གྱ་གཉིས་སོ་སོར་ཁ་གྱེས་ཤིང་ཆོས་སྲིད་གཉིས་ཀའི་འབྲེལ་ལམ་ཆད། དེ་ནས་གྲྭ་བ་རྣམས་ཀྱང་ཁ་ཁ་བགྱིས་སྟེ་རེ་ཆུང་རི་ཁྲོད[13]་དུ་བཞུགས། གྱོད་འཇམ་རྗེས་སྒར་གྲོང་གཉིས་གྲོས་བཏབ་ཏེ་སྒར་མགོ་དང་ལུང་མགོ་གཏེར་ལུང་ནང་བར་ཕུལ་ཀྱང་མ་བཞེས། བསེ་ཚང་བས་ལུང་བསྟན་ཏུ་སྒར་མགོ་བདག་མི་ཐུབ་པ་དམ་སྲི་དང་རྒྱ་གདོན་གྱི་ས་གནས་ཡིན་པས་མགོ་མི་གནོན། མགོ་ནོན་མཁན་མུ་ཏོ་ཟམ་འཕེན་ཡིན། དེ་ལ་ཕུལ་དང་། ཞེས་གསུངས། དེ་བཞིན་སྒར་མགོ་མུ་ཏོ་ཟམ་འཕེན་ཚང་ལ་ཕུལ།

       མུ་ཏོ་ཟམ་འཕེན་ཚང་ལ་སྒར་མགོ་མ་ཕུལ་གོང་དུ། གྱོད་རྐྱེན་བྱས་ཏེ། ཕྱིང་གུར་ཕུག་སྡེ་བས་སྒར་མགོ་དང་ལུང་མགོ་གཉིས་ཆ་ཁ་གྱ་ནས་ཕྱུངས་རྗེས། གྲྭ་བ་རྣམས་རོང་བར་སྒར་གྱི་ཚོགས་སུ་ཞུགས། མ་འགྱངས་བར་བཀྲ་ཤིས་སྒར་འདེབས་གྲབས་བྱས་པར་རོང་བར་སྒར་མ་དགའ་བས། ཚོགས་ན་ཡོད་པའི་ཕྱིང་གུར་སྡེ་བའི་ཁ་གྱ་ཚང་གི་ཨ་ཁུ་དགེ་བསྐོས་གདོང་གྲལ་དུ་བསད། གྲྭ་བ་གཞན་རྣམས་ཀྱིས་བེམ་པོ་ཁུར་ཏེ་རི་ཁྲོད་དུ་བསླེབས། དོན་འདི་རྐྱེན་བགྱིས་སྟེ་བཀྲ་ཤིས་སྒར་དང་རོང་བར་སྒར་གཉིས་དབར་གྱོད་ལ་ཐུག སྐབས་དེ་ནས་སྒར་མགོ་རོང་བར་ནས་ཕྱུངས་ཤིང་། མཛོད་དགེ་རྟེའུ་བར་དང་ཕྱིང་གུར་ཕུག་སྡེ་བའི་དབར་འབྲེལ་ལམ་ཇེ་ཉེ་ཇེ་དམ་དུ་བཏང་། མཛོད་དགེ་རྟེའུ་བར་གྱིས་གྲོགས་བགྱིས་སྟེ་མཛོད་དགེ་དཔོན་རྒན་གྱི་མདུན་ཏུ་གཏུགས་གཤེར་དུ་སོང་། འགྲོ་མཁན་སྐལ་བཟང་ཚེ་རིང་། བརྟན་གོ་རྣ་འབྱར། བརྟན་གོ་རྣ་ལངས་སོགས་མི་སྣ་འགའ་སོང་། བཀྲ་ཤིས་སྒར་གྱི་གྲྭ་བ་འགའ་ཡང་ཡོད་སྐད། མཛོད་དགེ་དཔོན་རྒན་གྱིས་གཏུགས་བླངས། འདི་བས་རྗེ་འཇམ་དབྱངས་བཞད་པ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་ལ་གཏུགས། དེ་ནས་བཀྲ་ཤིས་སྒར་གྱི་སྒར་མགོ་རོང་བར་ནས་ཕྱུངས་ཤིང་། སྒར་མགོ་དང་ལུང་མགོ་གཉིས་ཆ་བླ་བྲང་ལ་བཏགས་ཤིང་། ལོ་འགའ་འདས་རྗེས། རོང་བར་དཔོན་པོས[14]་གཟུ་མ་ཁུར་བས་ཉོག་དྲ་མང་པོ་བཟོས་ནའང་། རིམ་གྱིས་ཞི་འཇགས་སུ་སོང་།

ཞེས་མི་རྒན་པ་འགར་རང་གི་སྡེ་བའི་ལོ་རྒྱུས་ངག་རྒྱུན་ན་ཡོད་པ་༡༩༨༨ལོའི་དབྱར་གཞུང་གི་ཉིན་ཞིག་ཏུ་བཅར་འདྲི་བྱས་ཏེ་རེག་ཟིན་ཏུ་བཏབ་ཅིང་། དེ་ནས་ལོ་ངོ་ཕལ་ཆེར་སུམ་བཅུ་ལྷག་གི་རྗེས་སྟེ། སྤྱི་ལུགས་༢༠༡༦ ལོའི་དབྱར་གཞུང་གི་ཉིན་ཞིག་ཏུ་ཡང་བསྐྱར་རང་དབང་བཅར་འདྲི་ལྟ་བུའི་ཁ་བརྡ་བྱས་པ་ཇི་བཞིན་ཏུ་ཡི་གེར་ཕབས་སོ།

 

བཞི་བ། ཕྱིང་གུར་ཕུག་སྡེ་བའི་གྲུབ་ཆ་གླེང་བ།

       རུ་སྡེ་གཞན་དང་འདྲ་བར། ཕྱིང་གུར་ཕུག་སྡེ་བའི་གྲུབ་ཆ་ལ་བཞི་སྟེ། ༡ རུས་རྒྱུད་དང་། ༢  མི་འབོར།  ༣  ཁྱིམ་ཚང་།  ༤  ཕ་གཡོག་བཅས་གྲུབ་ཆ་བཞི་ཡི་དབར་གྱི་རྟེན་འབྲེལ་ལས་རུ་སྡེའི་གཞི་དབྱིབས་ཆགས་ཤིང་། དེ་འདྲའི་གཞི་དབྱིབས་དེའི་འགྱུར་རྒྱུན་ལས་ཡུལ་ཆོས་བྱུང་ཚུལ་བརྗོད་པ་ལ།

      ༡  རུས་རྒྱུད། 

      སྤྱིར་ན་ཡུལ་ཕྱོགས་འདི་ལྡོང་གི་ཚ་ཆེན་བཅོ་བརྒྱད་ལས་མཆེད་པའི་ཁ་གྱ་ཚོ་དྲུག་གི་ནང་ཚན་ཞིག་ཡིན་ཀྱང་། རུ་སྡེ་འདི་ཡི་རུས་རྒྱུད་མཆེད་ཁུངས་ཐད་ད་དུང་དོགས་གནས་འགའ་མཆིས་ཏེ། གཅིག་ནི། འཇང་རྒན་དང་འགྲོགས་ཏེ་ཕེབས་པའི་ཁ་གྱ་ཚང་དང་ཁྱིམ་ཚང་གཞན་གཉིས་དེ་ས་གང་ནས་ཡིན་པ། གཉིས་ནི། དེ་མིན་ཁྱིམ་རྙིང་གཞན་དག་སྟེ། རྐང་ཚ་ཚང་། ཞྭ་དཀར་ཚང་། དཔོན་ཚང་། མར་བློ་ཚང་། ཞིང་སྐོར་ཚང་བཅས་ཀྱི་ཡོང་ཁུངས་གཅིག་མིན་པར། ལ་ལ་རང་ས་ནས་མིང་དེ་འདྲ་ཐོགས་ཤིང་། ལ་ལ་ས་ཆ་གཞན་ནས་འོངས་པར་ངེས། མང་ཕྱོགས་མ་ཁྱིམ་བགོས་ཏེ་ཇེ་མང་དུ་འཕེལ། གང་ལྟར་ཀྱང་རུས་རྒྱུད་མཆེད་ཁུངས་ལ། དབུས་གཙང་དང་། མདོ་སྟོད་ལྷོ་རོང་། མདོ་སྨད་རྐང་ཚ་བཅས་ཡིན་པ་གསལ་བར་གདའ།

         མི་འབོར།

       ༡༩༥༨ ལོ་ཡས་མས་སུ་མི་འབོར་འཕེལ་ཏེ་༢༠༠ལྷག་ཡོད་ཅིང་། ཁྱིམ་ཚང་༥༠ རྒལ་བར་ཡོད་ཚུལ་རྒན་པ་དག་གིས་གསུངས།  སྤྱི་ལུགས་༡༩༥༨ པ་སྟེ། ལྔ་བརྒྱད་ལོའི་དུས་འགྱུར་དང་རེ་གཅིག་རེ་གཉིས་བར་གྱི་ལྟོག་སྐོམ་རྐྱེན་བྱས་ཏེ་མི་མང་པོ་ཤི། དེའི་ནང་ནས་སྟག་ཤར་འགའ་རེ་༡༠༥༨་ལོ་བཙོན་ཏུ་བཅུག་སྟེ་བེམ་པོའང་རང་ཡུལ་འབྱོར་མ་ཐུབ། འགའ་རེ་ལྟོག་སྟེ་ཤི། རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་རྒྱ་ཁྱིམ་ཚང་དྲུག་བཙན་བཀས་འོག་སྡེ་བའི་ནང་གཞིས་ཆགས་སུ་བཅུག་ཅིང་། ཁྱིམ་རྙིང་འགའི་ནང་གནས་ཚང་གཡར་ཏེ་བསྡད། ཕྱིས་སུ་སྡེ་བའི་ཤིང་ནགས་བཅད་དེ་ཁང་པ་ཕུགས། མ་འགྱངས་པར་གཙོད་གྲོང་དུ་སྤོར། ཁྱིམ་ཚང་དེ་དག་གི་མི་རབས་གཉིས་པས་བོད་སྐད་གཙང་མ་བཤད་ཐུབ། དེ་བས། ཁྱིམ་ཁའི་མང་ཉུང་འཕེལ་འགྲིབ་ཀྱི་འཕོ་འགྱུར་ཅུང་ཙམ་བྱུང་།

        རུ་སྡེའམ་གྲོང་གསེབ་ནང་འཚོ་བ་བསྐྱལ་རྒྱུ་དེའང་མི་འབོར་སྤུས་དག་ཅན་མིན་ན་དཀའ་རྒྱུ་རེད། མི་འབོར་སྤུས་དག་ཅན་དེ་སློབ་གསོ་བརྒྱུད་དེ་ཐོན་དགོས་ཤིང་། ཡང་། ང་ཚོར་མཁོ་རྒྱུའི་སློབ་གསོ་རྣལ་མ་དེ་ད་ལྟ་ད་དུང་འགོ་ཚུགས་མེད་པ་འདྲ། དེ་བས། རང་གི་ཁྱད་ཆོས་ལྡན་པའི་སྤུས་དག་མི་འབོར་གསོ་སྐྱོང་གི་ལམ་ཐག་དེ་ཤིན་ཏུ་རིང་། གཞན་ཡང་། ཚན་རིག་གི་བརྒྱུད་ལམ་སྣ་ཚོགས་བརྙན་འཕྲིན་སྐད་འཕྲིན་སོགས་ལས་གོ་རྒྱུ་ཤེས་རྒྱུ་མང་པོ་ཉིན་རེའི་འཚོ་བའི་ནང་བསླེབས་པས། རང་སེམས་གཅིག་ཏུ་གནས་དཀའ་བའི་ཚད་དུ་བསླེབས། ཡུལ་མིའི་ལྟ་བ་དང་། རིན་ཐང་འཛིན་ཚུལ། མཛེས་མི་མཛེས་དཔྱོད་བྱེད་སོགས་ཀྱི་ཚད་གཞི་གཏིང་ནས་བརྗེ་བས། རང་སྡེ་ཡི་ཡུལ་ཆོས་ཤེས་བྱ་རྫས་རྙིང་དུ་མཐོང་ཏེ་ཉར་མི་འདོད་ཅིང་། རང་སྐད་བཞག་ཏེ་གཞན་སྐད་ཀྱི་སྟེང་ནས་མི་ཚེ་རོལ་བའི་གནས་ཚུལ་ཇེ་མང་ནས་ཇེ་མང་དུ་མཐོང་། མི་འབོར་སྤུས་ཀ་ཟེར་བ་དེ་གོང་གི་ཚད་གཞི་དེ་དག་གི་སྒང་ནས་མི་ཚེ་བསྐྱལ་ཐུབ་པའི་ནུས་པར་གོ་དགོས།

      ༣  ཁྱིམ་ཚང་།  

      ཁྱིམ་རྙིང་འགའ་ལ།  ཁ་གྱ་ཁག་གསུམ་ལ། སྤྱི་ལུགས་༡༩༥༨ པར་ཁྱིམ་ཁ་གསུམ་ཀའི་བདག་པོ་ནི། ཁ་གྱའི་མགོན་པོ་ཚང་གི་སྐྱབས་ལོ་དང་། ཚེ་རིང་འབྲུག་ཚང་། འབྲུག་རྒྱལ་མཁར་ཚང་བཅས་གསུམ་ཡིན་ཞིང་། སྔ་མ་དང་ཕྱི་མ་གཉིས་བཙོན་ཏུ་བཅུག རྐང་ཚ་ཁག་གཉིས། མཛོད་དགེ་རྐང་ཚ་ནས་མཆེད་འོངས་ཤིང་། རྐང་ཚ་ཚང་ཁྱིམ་བགོས་ཏེ། རྐང་ཚའི་སྣང་ལོ་ཚང་དང་། རྐང་ཚའི་བསམ་གཏན་ཚང་བཅས་གཉིས་ཡིན། དེ་ནས་ཤ་རྒྱ་མ་ཚང་དང་དཔལ་མེ་ཚང་རིམ་གྱིས་མཆེད། ཁྱིམ་ཚང་འདི་དག་གི་ཁྱིམ་བདག་ཕལ་ཆེ་བ་༡༩༥༨ལོ་བཙོན་ཏུ་བཅུག ལ་ལ་བཙོན་ཏུ་ཚེ་ལས་འདས། ལ་ལ་ཕྱིར་ཁྱིམ་ཏུ་ལོག་རྗེས་འདས། ཞིང་སྐོར་ཚང་ནི་རུ་ངར་ཞིང་གོར་ནས་མཆེད་འོངས། ཞྭ་དཀར[15]་ཚང་། ཐོག་མའི་གཞི་འཛིན་ཁྱིམ་ཁ་གསུམ་གྱི་ཡ་གྱལ་ཞིག་ཏེ། ཆུ་མིག་ཚང་གི་ཤུལ་ཡིན་ཞིང་། རྗེས་སུ་ཆུ་མིག་ཚང་གི་ཁྱིམ་ཤུལ་ཆད་དེ་ལོ་འགར་སྡེ་བས་བསྐྱངས། ཕྱིས་སུ་ཧོར་གཙང་གོ་ཉེ་ཞྭ་དཀར་ཚང་རུ་ཡོང་བྱས་ཏེ་ཆུ་མིག་ཚང་གི་ཤུལ་བཟུང་བས་ཁྱིམ་མིང་ཆུ་མིག་ཚང་ཞེས་པ་ནས་ཞྭ་དཀར་ཚང་ཞེས་མིང་རྗེས་ཤིང་། སྐབས་དེར་ཞྭ་དཀར་ཁྱིམ་ཚང་གཉིས་རུ་ཡོང་བྱས་པ་ལས། གཅིག་ཕྱིང་གུར་ཕུག་ཏུ་བསྡད་ཅིང་། ཞྭ་དཀར་ཁྱིམ་ཚང་གཞན་པ་དེ་ཐང་སེར་སྡེ་བར་གཞི་ཆགས། ཐང་སེར་ཞྭ་ཚང་ཟེར་བ་དེ་ནས་བྱུང་། དཔོན་ཚང་ཞེས་པའི་ཁྱིམ་ཚང་འདི་གནམ་ལྷའི་གུར་ཚང་ནས་བསླེབས་ཤིང་། བང་སྒར་དཔོན་ཚང་གི་ཕ་གཡོག་གམ་ཁྱིམ་བགོས་ཡིན་ཅིང་། སྐབས་དེར་ཁྱིམ་ཚང་གསུམ་ཡོང་། འདི་དག་ཆ་ཚང་༡༩༥༨ ལོའི་བར་རུ་སྡེ་འདིའི་གཞིས་འཛིན་ཏུ་ཆགས་ཡོད།  ད་དུང་ཁྱིམ་ཚང་རྙིང་བ་འགའ་ཡོད་ཀྱང་ཁྱིམ་མིང་མེད།  ད་ལྟའི་ཁྱིམ་ཐོ་མཇུག་གི་རེའུ་མིག་ལ་གཟིགས་པར་ཞུ།

       ༤  ཕ་གཡོག[16]ཞེས་པའི་བརྡ་ཆད་འདི་སྔར་གྱི་ཆོས་འབྱུང་ལྟ་བུའི་ལོ་རྒྱུས་དེབ་ཐེར་ཁག་ཏུ་བེད་སྤྱད་མེད་པའམ་མཐོང་རྒྱུ་ཤིན་ཏུ་དཀོན་ནའང་། རུ་སྡེའི་འཚོ་བ་དངོས་ཀྱི་ནང་རྩ་འཛུགས་ཤིག་གི་ནུས་ཤུགས་འགངས་ཆེར་འདོན་མུས་སུ་མཆིས་ཤིང་། རུ་སྡེ་དང་ཁྱིམ་ཚང་གང་ཞིག་དོན་ཏག་སྣ་ཚོགས་དང་སྐྱིད་སྡུག་གང་ལ་འཕྲད་ཀྱང་རྩ་འཛུགས་འདི་མེད་དུ་མི་རུང་བ་ཞིག་ཏུ་ཆགས། རུ་སྡེ་སོ་སོའི་ནང་ཕ་གཡོག་ཞེས་པའི་རྩ་འཛུགས་འདིའི་རྒྱ་ཆེ་ཆུང་ལ་ཁྱད་པར་ཡོད་དེ། ཕ་གཡོག་འགའ་རེར་ཁྱིམ་ཚང་དྲུག་གམ་བདུན་གྱིས་གྲུབ་པ་དང་། ཡང་འགའ་རེ་ཁྱིམ་ཚང་བཅུ་ཁ་ཉི་ཤུས་གྲུབ་ཅིང་། སྐྱིད་སྡུག་གི་སྐབས་སུ་འགན་ལེན་སྟངས་དང་ལེན་ཚུལ་གཅིག་འདྲར་སྣང་། རྩ་འཛུགས་རང་མཚན་པ་འདི་བོད་ཀྱི་སྤྱི་ཚོགས་དོ་དམ་དང་འབྲེལ་ལམ་སྒྱུར་བཀོད་སོགས་དང་ཐད་ཀར་འབྲེལ་བ་ཡོད་པས། སྤྱི་ཚོགས་རིག་པ་དང་ཡུལ་ཆོས་རིག་པའི་ཐད་ནས་བལྟས་ན་དཔྱད་བྱ་གལ་ཆེན་ཞིག་རེད་སྙམ།

      རུ་སྡེ་འདིར་ཕ་གཡོག་བཞི་ཡོད་དེ། ༡ ཁ་གྱ་ཐོག་མ། ༢ ཁ་གྱ་འོག་མ[17]། ༣ རྒྱལ་སྐོར། ༤ རྐང་ཚའི་ཕ་གཡོག་བཅས་འདུག་ཅིང་། ཕ་གཡོག་སོ་སོའི་ཁོངས་གཏོགས་ཁྱིམ་ཚང་གི་གནས་ཚུལ་མཇུག་གི་རེའུ་མིག་ལ་གཟིགས་པར་ཞུ། ཕ་གཡོག་སོ་སོའི་མི་རབས་མང་པོ་བརྗེ་ཟིན་ནའང་ཕ་གཡོག་གི་འབྲེལ་ལམ་འགྲོ་སྟངས་དེའི་ཚགས་ཇེ་དམ་འཐུས་ཇེ་ཚང་དུ་སོང་སྟེ་རུ་སྡེའི་སྒྲིག་གཞི་བརྟན་པོར་འཆིངས་འདུག

       རྩ་འཛུགས་ཆུང་མཐའ་བ་འདིར་སྤྱི་ཚོགས་ཀྱི་ནུས་པ་གལ་ཆེན་འགའ་མཆིས་ཏེ། ༡ སྐྱིད་ཀྱི་རྟགས་སྟོན་མོའི་སྐབས་སུ་མཛད་སྒོ་དང་འབྲེལ་བའི་ལས་ཀ་ཐམས་ཅད་འགན་ལེན་བྱེད་པ་དང་། ༢ སྡུག་གི་སྐབས་སུའང་དེ་འབྲེལ་གྱི་ལས་ཀ་ཆ་ཚང་འགན་ལེན་བྱེད། དཔེར་ན། མ་ཎི་སྐོལ་སྐབས་ཀྱི་ཇ་མ་དང་། འགུལ་འདུག རི་འགོ་བའང་རང་གི་ཕ་གཡོག་ནང་ནས་འགྲོ མར་རྩམ་སོགས་ཁྱེར་འོངས་ཏེ་འབྱོར་བའི་དཀའ་ཁག་ཇེ་ཡང་དུ་གཏོང་། ༣ གྱོད་ལ་ཐུག་ན་བསྡོངས་འགྲོགས་བྱེད་པར་མ་ཟད། བར་འདུམས་ཀྱི་འགན་ཡང་ཁུར། ཡང་། རྩ་འཛུགས་འདིའི་འགྲོ་སྟངས་ཅུང་བཙན། སྤུན་དང་ཤ་ཉེ་ཡིན་ནའང་ཕ་གཡོག་གཅིག་གི་ནང་མི་ཐེ་བའི་གནས་ཚུལ་མཆིས།

 

ལྔ་བ། ཕྱིང་གུར་ཕུག་སྡེ་བའི་ཡུལ་ཆོས་ཤེས་རིག

ལག་རྩལ་དང་འབྲེལ་བའི་ཡུལ་ཆོས་མང་པོ་ཐོན་རྫས་སུ་བསྒྱུར་ཐབས་ཀྱིས་རུ་སྡེའི་དཔལ་འབྱོར་སྤེལ་འཆར་དེ་ལམ་ཀ་བདེ་ཤོས་ཤིག་ཡིན་ནའང་། འགོ་ཇི་ལྟར་འཛུགས་ཚོང་ལམ་ཇི་ལྟར་བསྐྱེད་རྒྱུ་སོགས་སྔར་འཕྲད་མ་མྱོང་བའི་དཀའ་ཁག་མང་པོ་བོད་ཡིག་གི་སྒང་ནས་སེལ་མ་ཐུབ་ན། ཕ་སྐད་བེད་མེད་དུ་གྱུར་བར་ཁག་འཇོག་ས་རྙེད་དཀའ། གནད་དོན་དེ་དག་སྐོར་གྱི་ཤེས་བྱ་བོད་ཡིག་གི་ནང་བསྐྲུན་རྒྱུ་དེ་ཡོན་ཏན་ཅན་རྣམས་ཀྱི་འགན་ཏུ་བབས་ཤིང་། བོད་ཀྱི་སྐད་དང་ཡི་གེ་སྤྱི་ཚོགས་ཀྱི་འཕེལ་འགྲོས་དང་བསྟུན་ནས་ཡར་རྒྱས་སུ་འགྲོ་ཐུབ་མིན་དེ་དེ་འགན་དེ་ལེན་ཚད་ལ་རག་ལས་ཡོད། ཤེས་བྱ་གསར་བ་དེ་དག་ལ་བརྟེན་ནས་བོད་ཀྱི་རུ་སྡེའང་གྲོང་གསེབ་ཀྱི་འཕེལ་ལམ་གསར་བ་བཙལ་དགོས། བོད་ཀྱི་རུ་སྡེའམ་གྲོང་གསེབ་དམིགས་དཔེ་ཅན་དེ་ག་འདྲ་ཞིག་ཡིན་དགོས་ཤེ་ན། ལན་དེ་ནི་ཅུང་གཟབ་དགོས་པའི་གནད་ཅིག་ཏུ་སྣང་འདུག

རང་བྱུང་ཁམས་ངོས་བཟུང་སྟེ་བྱུང་བའི་ཤེས་བྱ་ལ། ཉེ་འཁོར་གྱི་རྩྭ་དང་རྩི་ཤིང་། རི་དང་ཆུ་། ཆུ་འགོ ས་ཞིང་དང་རྩྭ་ས་སོགས་རང་བྱུང་གི་དངོས་པོའི་ཆ་རྐྱེན་མཐའ་དག  ངལ་རྩོལ་གྱི་བརྒྱུད་རིམ་ཁྲོད་ངོས་བཟུང་སྟེ། རྒྱུས་བླངས་ཤིང་དོན་སྤྱི་ཆགས། དོན་སྤྱི་དེ་དག་མཚོན་བྱེད་ཀྱི་མིང་རེ་བཏགས། འཚོ་བའི་ཁོར་ཡུག་ཏུ་སྣང་བའི་དངོས་པོ་ཐམས་ཅད་ཀྱི་མིང་གཅིག་གྱུར་ཆགས་ཏེ་རང་བྱུང་ཤེས་བྱའི་མ་ལག་གྲུབ། ཤེས་བྱའི་མ་ལག་འདིའི་བང་རིམ་དེ་འདྲ་མི་མཐོ་ནའང་། རུ་སྡེ་ནང་ལོགས་ཀྱི་འཚོ་བ་བསྐྱལ་བྱེད་ལ་འཐུས་ཤིང་འགྲིགས་ཀྱང་། འཚོ་བའི་ཁྱབ་ཁོངས་ཅུང་ཟད་ཙམ་རྒྱ་བསྐྱེད་པ་ན། སྐྱོན་ཆེན་པོ་ངང་གིས་མངོན་འོངས།  ཡིན་ནའང་། བྱིས་པའི་ལུས་སེམས་རྒྱས་བསྐྱེད་དང་། གཉོམ་ལག་རྒྱས་པ་དང་ལྷན། རུ་སྡེའི་ཐུན་མིན་ཡུལ་ཆོས་སྤྱང་བ་ནས་རིམ་གྱིས་བསླབ་གྲྭ་འགྲིམ་ཏེ་མི་རིགས་ཀྱི་ཐུན་མོང་ཡུལ་དང་བཅས་པ་སྤྱངས་ཏེ་རྟོགས་པའི་རྒྱ་བསྐྱེད་དགོས་ཤིང་། རུ་སྡེའི་མཐོང་རྒྱ་ནས་མི་རིགས་ཀྱི་མཐོང་རྒྱ་དང་། དེ་ནས་རྒྱལ་ཁབ་དང་རྒྱལ་སྤྱི་ཡི་མཐོང་རྒྱ་ཅན་ཏུ་གསོ་སྐྱོང་བྱེད་རྒྱུ་དེ་ནི་སློབ་གསོའི་བྱེད་ནུས་དང་ཆོས་ཉིད་དུ་འདོད། ང་ཚོའི་སྤྱི་ཚོགས་ནང་ཡོད་པའི་སློབ་གསོ་རིགས་གསུམ་ཀྱིས་མི་ཚེའི་རྒྱས་ལམ་རིགས་ཐ་དད་པ་གསུམ་དུ་བསྐྱེད་བཞིན་པ་འདི་གཞི་གཅིག་ཏུ་འདོམས་རན་འདུག

མིའི་རྩོལ་བ་ལ་བརྟེན་གསར་བཏོད་བྱས་པའི་ཐོན་འབྲས་ཤེས་བྱ། ཞིང་ལས་ཡོ་བྱད། འབྲོག་ལས་ཡོ་བྱད། ཁྱིམ་གྱི་བཅའ་ལག ཡུལ་སྲོལ་གོམས་གཤིས། ཁང་བ་དང་རས་གུར་བཟོ་རྩལ། ཕྱིང་ངུ་འཐག་རྩལ། སྐད་ཆ་བཤད་རྩལ། ཕྱུགས་ཟོག་གི་མིང་འདོག་ཤེས་བྱ་དང་སྐྱོང་སྟངས།  གཅེས་ཕྲུག་ཉལ་ཁའི་བྱིས་གླུ། ཞོགས་པའི་རྩམ་པ་རྫི་སྲོལ། སྐེད་རགས་བཅིངས་སྲོལ། མི་ལ་ཨ་ལན་སྤྲོད་སྲོལ། ནགས་ཀྱི་གསོམ་སྡོང་བཅད་དེ་ཁང་པར་གྱུར་བའི་བརྒྱུད་རིམ་ཉམས་རྟོགས། དཔྱིད་ཀར་ས་བོན་བཏབ་ཏེ་སྟོན་གར་འབྲས་བུ་ལེན་པའི་དབར་གྱི་བརྒྱུད་རིམ་ཉམས་རྟོགས། ཟོག་ལུག་རྐུས་རྗེས་རྐུན་རྗེས་འདེད་སྲོལ། ནས་ཆང་བཙགས་སྲོལ། ཞོ་བསྙལ་སྲོལ། ཇ་དཀར་སྲོལ། ཀོ་རེ་བཅའ་སྲོལ། ཞོན་རྟ་དང་འབྲེལ་བའི་ཤེས་བྱ་སྟེ། རྒ་བསྟོད་སྲོལ་དང་། སྲབ་སྒོན་སྲོལ། རྟ་བཏུལ་སྲོལ། ལོ་གསར་སྐབས་ཤག་རྒྱག་སྲོལ་སོགས་མཆིས་པ་ལས།

འདི་ཕྱི་ཚུལ་ནས་ལྟས་ན་རྩེད་མོ་ཞིག་ཡིན་ཞིང་། སྤྱི་ཚོགས་རིག་པའི་ངོེས་ནས་ལྟས་ན་སྡེ་མིའི་བྱ་སྤྱོད་འདོམས་སྲོལ་ཞིག་ཏུ་སྣང་། ང་ཚོ་སྤྱི་ཚོགས་ནང་ཁྲིམས་གསལ་བོ་ཞིག་མེད་པར་རང་སེམས་རང་གིས་སྲུང་ཞིང་། ངོ་ཚ་དང་ཁྲེལ་བརྩི་རྒྱུ་གལ་ཆེན་ཏུ་བྱེད་པའི་མི་རིགས་ཤིག་ཡིན་པས། ལོ་ཧྲིལ་བོའི་ནང་བྱ་བ་དང་སྤྱོད་པ་གང་ལའང་གཟབ་གཟབ་བགྱིས་ཏེ་བསྒྲུབས་པ་ལས། ཤག་རྒྱག་རྒྱུ་ཞིག་བྱེད་རྒྱུར་རྒན་གཞོན་སུ་ཡིན་ཀྱང་འཛེམས། ང་རང་་ལོ་ཆུང་དུས། ལོ་གསར་སྐབས་སུ་མི་མང་པོ་སྡེ་དཀྱིལ་དུ་འཛོམས་ཏེ་མེ་སྤུང་བརྒྱབ། མི་ཁ་བདེ་ཞིག་གིས་སླག་པ་ཕྱིར་སློག་ཏེ་ངོར་ཁྲོ་གོན་ནས་ཤག་རྒྱག་པ་གསལ་ལེར་ད་ལྟ་ད་དུང་དྲན་གྱིན་འདུག ཡང་། སྤྱི་ཚོགས་རིག་པའི་མཐོང་ལམ་དུ་ཤག་རྒྱག་སྲོལ་དེ་ནི།  སྤྱི་ཚོགས་ནང་བྱ་སྤྱོད་འགྲིག་མཐུན་ཏུ་འདོམས་པར་བཙན་ཤུགས་མ་བཀོལ་བར་རང་འཐད་སྒང་ནས་ནོར་བཅོས་བྱེད་ཐབས་ཤིག་ཏུ་གདའ་བས། སྤྱི་ཚོགས་བཀོད་འདོམས་ཀྱི་ནུས་པ་ཐོན།

      དད་པ་དང་འབྲེལ་བའི་ཤེས་བྱ་ལ། འདི་ལ་གཞི་བདག་དང་འབྲེལ་བའི་ཤེས་བྱ་དང་། ནང་ཆོས་དང་འབྲེལ་བའི་ཤེས་བྱ་གཉིས་ཟུང་འབྲེལ་གྱིས་ལག་ལེན་བྱེད། ཡང་། སྡེ་དཀྱིལ་གྱི་མ་ཎི་ཁང་དང་སྐུ་འབུམ་གཉིས་ནི་རྒན་རྒོན་ཕོ་མོ་ཐམས་ཅད་ཀྱི་སྤྱི་ས་སྤྱི་ཁང་ལྟ་བུའི་ནུས་པ་འདོན་བཞིན་པ་རེད། སྐུ་འབུམ་ལ་སྐོར་བ་བྱེད་སྐབས་མ་ཎི་འགྲེངས་ཞོར་དོན་དག་ཆེ་ཕྲ་ཆུང་གསུམ་གླེང་ཞིང་། མ་ཎི་ཁང་དུ་མ་ནེ་བསྐོར་ཞོར་ཁྱིམ་ཚང་གི་སྐྱིད་སྡུག་ཕན་ཚུན་གླེང་ས། ཁྱིམ་ཚང་གི་འབྲེལ་བ་ཇེ་བཟང་དུ་འགྲོ་ཐབས་ཀྱི་ཉམས་མྱོང་བརྗེ་རེས་བྱེད་ས། སྡེ་བའི་སྤྱི་དོན་གླེང་ས། སྡེ་བ་འཚོགས་ཏེ་དོན་ཆེན་གྲོས་བྱེད་ས། སྡེ་བའི་འགྲིགས་ཁྲིམས་འཇོག་ས་དང་ཁྲིམས་འགལ་ཆད་པ་གཅོད་ས། ཆོས་དཔེ་མགོར་བཞག་ཏེ་མནའ་བསྐྱལ་ནས་སྡེ་འགྲིགས་བཅའ་བ་སོགས་མ་ཎི་ཁང་དང་སྐུ་འབུམ་གཉིས་ཆོས་ལུགས་གཅིག་པུའི་ནུས་པ་མ་ཡིན་པར། སྤྱི་ཚོགས་དོ་དམ་དང་སྡེ་བའི་སྒྲིག་གཞི་སྐྱོང་ས་ཞིག་ཏུ་སྣང་། འདི་དད་པའི་སྟོབས་ཤུགས་རེད། ནང་ཆོས་ལྟ་བུའི་དད་པ་བྱེད་ས་ཞིག་མེད་ན་བོད་གཤིས་གྱོང་བོ་དེ་སྡེ་འགྲིགས་ཤིག་གི་འོག་ཏུ་འཇུག་དཀའ་རྒྱུ་རེད། དེ་བས། བོད་ཀྱི་སྤྱི་ཚོགས་སྒྲིག་གཞི་དང་འབྲེལ་ལམ་གྲུབ་བྱེད་དེ་དད་པ་ལ་བསྟེན་ནས་བྱུང་བ་ཡིན་པའི་ལྟ་བ་དེ་ར་འཕྲོད་འདུག

ཡང་། ཕོ་གསར་གཞོན་སྐྱེས་རྣམས་ཀྱིས་མཚན་མོར་མེ་སྤུང་བརྒྱབ་ཏེ་འཁྲིག་སྦྱོར་བྱེད་སྟངས་དང་། བཟའ་ཟླ་གཞན་གྱི་འཁྲིག་སྦྱོར་ལྐོག་ཉན་གྲོས་འདེབས་བྱེད་ས་དང་ཕོ་མྱུལ་གྱི་ཉམས་མྱོང་བརྗེ་རེས་བྱེད་ས་དེ་སྡེ་དཀྱིལ་ན་ཡོད་པའི་ས་འཁོབས་ཅུང་ཆེ་ས་དེ་ཡིན་ཞིང་། ས་དེའི་མདུན་རྒྱབ་ན་མ་ཎི་ཁང་དང་སྐུ་འབུམ་གཉིས་ཀ་བཞུགས། གང་ལྟར་ཀྱང་མཚན་མོའི་དུས་སུ་གཞོན་སྐྱེས་མང་པོ་ས་དེར་འཛོམས་རྒྱུ་དེ་གོམས་སྲོལ་ཞིག་ཏུ་གྱུར་ཡོད། ས་དེར་འཛོམས་ཏེ་བསམ་ཚུལ་གང་ཡོད་དང་། ཉིན་རེའི་མཐོང་ཐོས་དང་འཚོ་བའི་ཉམས་མྱོང་སོགས་བརྗེ་རེས་བརྒྱུད་ངག་རྒྱུན་སློབ་གསོ་ལས་གཞོན་སྐྱེས་རྣམས་ལ་ཆེད་དུ་མངའ་བའི་བློ་དང་རིགས་པ་ཡར་རྒྱས་ལ་ཕན་པའི་སློབ་ར་ལྟ་བུའི་ནུས་པ་ཐོན།

ཡང་། ཁྱིམ་ཕྱི་ནང་བར་གསུམ་གྱི་ལས་ཀ་ཐམས་ཅད་ལག་ན་རྩེད་མོ་ལྟར་འཁྱོངས་པའི་སྐྱེས་མེད་རྒན་གཞོན་བར་མ་མཐའ་དག་མ་ཎི་ཁང་དང་སྐུ་འབུམ་ལ་འཁོར་ནའང་། སྲོད་ཀྱི་རྗེས་སུ། གཞོན་ནུ་མ་ཚོ་མེ་སྤུང་བརྒྱབ་ཏེ་ཀུ་རེ་སྣ་ཚོགས་བྱེད་ས་དེར་འོངས་རྒྱུ་དེ་འཛེམས་བྱ་ཞིག་ཡིན་ཞིང་། སྤར་ཤིང་ངམ་ཆ་མ་འཐུ་བའི་སྐབས་དང་ཆུ་ལེན་སྐབས་སུ་ཁོ་མོ་རྣམས་ཀྱིས་འཁྲིག་སྦྱོར་སྐོར་གླེང་གི་ཡོད་པ་སྔར་མང་པོ་ཐོས་མྱོང་། བུད་མེད་རྣམས་ཀྱི་ལས་ཀའི་ཉམས་མྱོང་དང་བསམ་བློ་བརྗེ་རེས་བྱེད་ས་དེ་ཕལ་ཆེར་ཞིང་ཁ། ཆུ་ལེན་སྐབས་དང་། ནགས་ནས་འབུད་ཆ་འཐུ་སྐབས་བྱེད་པ་རེད། བུད་མེད་རྣམས་ཀྱི་ལྟ་བ་དང་ལངས་ཕྱོགས་རུ་སྡེའི་སྤྱི་དོན་ཐག་གཅོད་སྐབས་སུ་ནང་དུ་འགྲོ་ཐུབ་མེད་པ་དེ་ཕོ་མོ་འདྲ་མཉམ་མིན་པའི་རྟགས་ཤིག་ཏུ་འཁུམས་པར་མ་ཟད། བུད་མེད་ཀྱི་བྱམས་བརྩེ་ངོས་ནས་མཐོང་བའི་སྤྱི་ཚོགས་ལྟ་ཚུལ་དག་སྡེ་བའི་ཐུན་མིན་ཡུལ་ཆོས་ཀྱི་ཁོངས་སུ་འགྲོ་ཐུབ་མེད་པ་མཚོན། འདི་ནི་མི་ཡི་ལྷན་སྐྱེས་བྱམས་བརྩེ་དེ་ག་འདྲ་ཡིན་པ་རྟོགས་ཐབས་མེད་པར་གྱུར་བའི་ཟུར་ཞིག་ཏུ་གདའ། རུ་སྡེའམ་གྲོང་གསེབ་ན་མཆིས་པའི་བྱམས་སྙིང་རྗེ་ཡི་ལྟ་ཚུལ་དེ་ཕལ་ཆེར་ནང་ཆོས་ཀྱི་དགེ་མཚན་ལས་བྱུང་བ་མངོན་གསལ་དུ་འདུག

        ཡུལ་གཞན་ནས་བསླེབས་པའི་ཤེས་བྱ། སྤྱི་ཚོགས་རྙིང་བའི་ནང་། ཕྱིང་གུར་ཕུག་སྡེ་བའི་ནང་གཞན་ནས་་དྲངས་པའི་ཤེས་བྱ་དེ་འདྲ་མང་པོ་མེད། འགོ་མཇུག་ཚང་ཞིང་རུ་སྡེར་ཕན་པའི་ཤེས་རིག་དྲངས་ཡོད་པ་དེ་ནི། རྣམ་ཐར་གཉིས་ཏེ། སྲོང་བཙན་སྒམ་པོ་དང་། དྲི་མེད་ཀུན་ལྡན། དེ་མིན། གེ་སར་སྒྲུང་ངག་རྒྱུན་ཏུ་དར་ཞིང་། ཕྱིས་སུ་མདོ་ལྷོ་རྒྱང་བསྒྲགས་ཁང་གིས་གེ་སར་སྒྲུང་དང་བཅས་པའི་བོད་ཀྱི་ཐུན་མོང་ཡུལ་ཆོས་མང་པོ་དུས་གཏན་ཁེལ་གྱིས་ལོ་མང་པོར་བཤད་དུ་བཅུག་པ་དེས་གཞོན་སྐྱེས་མང་པོའི་སྐད་ཆའི་བཤད་རྩལ་དང་དོན་གྱི་འགྲེལ་རྩལ་ཡར་རྒྱས་ལ་ཕན་ཆེན་པོ་བཏགས་འདུག བོད་སྤྱི་ཚོགས་ཀྱི་ལོ་རྒྱུས་མེ་ལོང་གེ་སར་སྒྲུང་གི་ནང་། ཆོལ་ག་སྟོད་སྨད་བར་གསུམ་གྱི་ཐུན་མོང་ཡུལ་ཆོས་གཅིག་ལྕོགས་སུ་ཧྲག་བསྡུས་བྱས་ཡོད་པས། བརྗོད་བྱའི་ཁེབས་ཆེ་ཞིང་། ཚིག་གི་རྩལ་རྫོགས་པ། ལོ་རྒྱུས་དང་ཡུལ་ཆོས་ཀྱིས་ཕྱུག་པ་དང་། སྐད་ཆུའི་ཉིང་ཁུ་སྟེ་གཏམ་དཔེ་སྣ་ཚོགས་ཀྱིས་ཕྱུག་པ་སོགས་ཐུན་མོང་བའི་ཡུལ་ཆོས་རུ་སྡེ་འདིར་བསླེབས། མི་རིགས་ཀྱི་ཐུན་མོང་ཡུལ་ཆོས་ག་ཚད་རུ་སྡེར་བསླེབས་ན་དེ་ཙམ་གྱིས་ཕན་པ་ཆེ།

རུ་སྡེ་འདིའི་ནང་ཐུན་མོང་མ་ཡིན་པའི་ཡུལ་ཆོས་མང་ཞིང་། རང་ས་ནས་དར་བའི་ཤེས་བྱའི་ཁྱབ་ཁོངས་སུ་རང་རིགས་ཀྱི་ཐུན་མོང་བའི་ཡུལ་ཆོས་དེ་འདྲ་མང་པོ་ནང་འདྲེན་བྱེད་ཐུབ་མེད་པ་འདྲ། གནས་ཚུལ་འདི་ནི་རང་རིགས་སྤྱི་ཚོགས་ཆེན་པོ་དང་འབྲེལ་འདྲིས་ཉུང་བའི་རྟགས་ཤིག་རེད། ཡང་། རང་རིགས་སྤྱི་ཚོགས་ཆེན་པོ་དང་འབྲེལ་འདྲིས་བྱུང་བའི་གོ་སྐབས་ལ། སྟོད་དབུས་གཙང་དུ་འཇལ་སྐོར་དུ་འགྲོ་བ་དང་། ཚོང་ལས་གཉེར་བ། བླ་བྲང་བཀྲ་ཤིས་འཁྱིལ་དུ་སྨོན་ལམ་འཚོགས་དུས་མ་གཏོགས་མེད། དད་པ་དང་འབྲེལ་བའི་འཇལ་སྐོར་དང་སྨོན་ལམ་གྱི་སྐབས་དེ་ལོ་རེ་ཐེབས་གཅིག་གཉིས་མ་གཏོགས་མེད་པ་དང་། ཡུལ་མིའི་གོ་རྟོགས་དམའ་བས་རང་རིགས་ཀྱི་ཐུན་མོང་ཡུལ་ཆོས་རང་གི་རུ་སྡེའི་ནང་འདྲེན་བྱེད་ཀྱི་ནུས་པ་ཞན་པ་བཅས་གཉིས་ནི། ཕྱིང་གུར་ཕུག་སྡེ་བའི་ནང་ཐུན་མོང་ཡུལ་ཆོས་ཉུང་བའི་རྒྱུ་མཚན་ཏུ་འདོད་ཅིང་། འདིའི་སྐོར་ཕྲན་གྱིས་ཉམས་ཞིབ[18]་ལོ་མང་བྱས་པའི་འབྲས་བུ་གཞན་ཞིག་ཏུ་ཤེས་པར་བྱ།

        རྣམ་ཐར་ཟློས་གར་ཤེས་རིག  སྲོང་བཙན་སྒམ་པོ་དང་།  དྲི་མེད་ཀུན་ལྡན་གཉིས་ལོ་རེར་ཁྲབ་སྟོན་ཐེངས་གཉིས་རེ་ཅག་མེད་དུ་དུས་ལྟར་འཁྲབ་ཅིང་།

      ལག་ཤེས་ཡུལ་ཆོས།  དྲི་མེད་ཀུན་ལྡན་དང་སྲོང་བརྩན་སྒམ་པོ་སྟེ་རྣམ་ཐར་གཉིས་ཁྲབ་སྟོན་ལོ་རེ་ཐེངས་གཉིས་རེ། ཤིང་བཟོ་གཉིས། ཚེ་རིང་འབྲུག་དང་ཨ་ཁུ་ལ་རིས། ལག་ཤེས་བ་འདི་གཉིས་ཀྱིས་ལག་རྩལ་དང་ཤེས་བྱ་ཆ་ཚང་ཁོང་རྣམ་པའི་ཕ་ཡི་ལག་ནས་བརྒྱུད་འོང་ཞིག་ཡིན་པར་གདོན་མི་ཟ་མོད། འོན་ཀྱང་། བུ་རབས་ཚ་རྒྱུད་དག་གི་ལག་ནས་མཚམས་ཆད་ཟིན་ཅིང་། ལག་ཐོན་རྒྱུ་རྫས་ལ་ཕལ་ཆེར། ཐོམ་བུ་དང་། ཤིང་ཁེམ། འོ་ཟོ། བཞོ་ཟོའུ། ཆུ་ཟོ། ཟོག་ལུག་བསྡུ་སའི་ཁང་བའི་ཀ་འགོ་བཀྱོགས་པ་སོགས་ལག་རྩལ་ཕལ་ཆེར་འདྲ་འདྲར་སྣང་། དེང་སང་འཛམ་གླིང་སྔོན་ཐོན་རྒྱལ་ཁབ་ཁག་ཏུ། ལག་བཟོས་ཐོན་རྫས་རྩ་ཆེན་ཏུ་བརྩི་ཞིང་རིན་གོང་ཆེན་པོ་སྟེར། ལྷག་པར་དུ་ཤིང་གི་བཅའ་ལག་བེད་སྤྱད་ན་འཕྲོད་བསྟེན་ལ་བཟང་ཞིང་། སེམས་ཡང་བདེ་བའི་རིན་ཐང་སྤྲོད།

       ཡང་དེ་མིན། ལྷམ་མཁན་གཅིག བོད་ལྷམ[19]་སྣ་ཁ་སུམ་བཅུ་ལྷག་འདེབས་ཤེས་ཤིང་། ཀོ་བ་དང་པགས་པ་ཚ་རུ་སོགས་མཉེད་དེ་རྫས་རློན་ཐོན་རྫས་སུ་བསྒྱུར་བའི་ཆེད་ལས་བསྒྲུབས། དེ་འདྲའི་གལ་ཆེའི་ཉམས་མྱོང་ཤེས་བྱ་ཡིག་ཐོག་ཏུ་ཕབས་རྒྱུ་ཡིད་ལ་མ་དྲན་པས་བརླགས་ཟིན། དེང་སང་། སྔོན་ཐོན་ཅན་ཞེས་འཕྲུལ་འཁོར་སོགས་བེད་སྤྱད་དེ་ཐོན་རྫས་བསྐྲུན་རྒྱུ་སྟབས་བདེ་ཡིན་ནའང་། རྫས་རློན་ལས་སྣོན་གྱི་བརྒྱུད་རིམ་དེ་ཚགས་ཚུད་པོ་ཡིན་དགོས་པས། ལོ་མང་པོར་བསགས་པའི་ཆེད་ལས་ཉམས་རྟོགས[20]་ཤེས་བྱ་དེ་དག་རྩ་ཆེན་པོར་རྩིས་ཏེ། ཉོ་བཞིན་པ་དེའང་གནད་འགགས་དེར་ཐུག་ཡོད། འཇར་མན་རྒྱལ་ཁབ་ཀྱི་རུ་སྡེ་རེ་རེར་ཝུ་ཆང་ཁྱད་ཆོས་ཅན་རེ་དང་ཚོང་རྟགས་རེ་ཡོད་པ་དེ་ནང་བཞིན་ཏུ། གལ་ཏེ། ཤིང་བཟོ་དང་ལྷམ་མཁན་གྱི་ཉམས་རྟོགས་ཤེས་བྱ་དེ་དག་ཧྲག་བསྡུས་བྱས་ཏེ་ཉར་ཡོད་ན་ཕྱིང་གུར་རྟགས་ཅན་ཀྱི་བོད་ཁྱིམ་བཅའ་ལག་དང་ལྷམ་གྱི་བཟོ་གྲྭ་འཛུགས་མི་ཐུབ་པ་མ་རེད་སྙམ། ད་ལྟ་སྡེ་བའི་ནང་གི་མི་ཐམས་ཅད་གླ་ཆ་ཐབས་ཆག་གི་ཆེད་དུ་ས་ལས་རྡོ་ལས་མི་བྱེད་ཀ་མེད་དུ་གྱུར་ཡོད་པ་མངོན་སུམ་དུ་སྣང་ཞིང་། རང་ཡུལ་ནས་གཞན་གཡོག་ཏུ་གྱུར་རྐྱེན་ནི། ཙན་ཏན་སོལ་བར་བསྲེགས་པའི་འབྲས་བུ་རེད། འདི་དཔེ་མཚོན་ཙམ། ལྷ་བཟོ་གཅིག་ཡོད་པ་དེ་ཚང་ད་ལྟ་ཕྱིར་རྒྱ་ནང་དུ་ལོག་ཟིན།

       ཡང་། བུད་མེད་རྣམས་ཀྱི་ཕྱིང་ངུ་འཐག་སྲོལ་དང་། བལ་སྐུད་ཁེལ་སྲོལ། དཀར་ལས་ཉམས་མྱོང་། ཕྱར་བ་འཐགས་པའི་ལག་རྩལ་སོགས་སྣང་མེད་དུ་བཞག་སྟེ་ལག་ཤེས་སམ་ལག་རྩལ་གལ་ཆེན་ཞིག་ཏུ་མི་བརྩི། ད་དུང་། གླུ་ཚིག་སྣ་ཚོགས་ལས། གྱ་སྟོན་ལ་འབུལ་རྒྱུའི་གླུ། ཁང་སྟོན་ལ་འབུལ་རྒྱུའི་གླུ། གཉེན་སྟོན་ལ་འབུལ་རྒྱུའི་གླུ། བག་མའི་རྟ་ཁ་ལེན་པའི་གླུ། བག་བརྫོངས་ཀྱི་གླུ། སྐྲ་ཕབས་དུས་ཀྱི་གླུ། གླུ་ཤག་སོགས་ཡིད་ཀྱི་འགྱུར་བ་མཚོན་རྩལ་རེ་རེའི་ཐད། བུད་མེད་རྣམས་ལ་ནུས་པ་དང་རྩལ་ཁྱད་པར་བ་ལྷན་སྐྱེས་སུ་འཛོམས་པས། ཡིད་གྱི་འགྱུར་བ་མཚོན་ཐབས་ལ་ཤིན་ཏུ་མཁས། ངག་གི་འགུགས་སྟངས་ནས་ཚིག་གི་ཁེབས་རྒྱ་དབར་སྐྱེས་པ་རྣམས་དང་འདྲ་འདྲ་བྱེད་ཐུབ། འདིའང་རུ་སྡེ་ཡི་རིག་གནས་ཀྱི་མ་རྩ་གལ་ཆེན་ཞིག་ཏུ་འཁུམས།  གཞོན་སྐྱེས་ཚོ་དང་བསླབ་གྲྭ་བ་རྣམས་མ་རྩ་འདི་རྒྱུན་འཛིན་བྱེད་མི་ཐུབ་པའི་སྔ་ལྟས་མང་པོ་འབྱུང་བཞིན་པ་རེད།

  ད་ལྟའི་ཕྱིང་གུར་ཕུག་སྡེ་བའི་དཔལ་འབྱོར་གནས་སྟངས་དཔེ་མཚོན་ཏུ་བརྟག་ན། སེམས་ཁྲལ་ཆེན་པོ་ངང་གིས་སྐྱེས་འོངས་ཤིང། གཉིས་འགལ[21]་མང་པོའི་ནང་ལྷུང་ཡོད་པ་གསལ་བོ་རེད། གཉིས་འགལ་དང་པོ་ནི། ཡོང་སྒོ་བཙལ་བྱེད་ཀྱི་གོ་སྐབས་རེག་མི་རེག གཉིས་པ་ནི། རུ་སྡེའི་ནང་ཅི་བྱ་གཏོལ་མེད་དུ་སྡོད་དམ་གྲོང་ཁྱེར་དུ་སོང་ནས་གླ་བའམ་ཞབས་ཞུ་བ་བྱེད་རྒྱུ། གསུམ་པ་ནི། རྒན་པ་རྣམས་རང་གི་འཁོར་འཛིན་ལ་མནའ་མ་རེག་མི་རེག་གི་སེམས་ཁྲལ། བཞི་བ། མི་རབས་རྗེས་མ་བོད་པ་བགྱིས་ཏེ་འདུག་ཐུབ་བམ་སོགས་འཕྲད་བཞིན་པའི་དཀའ་ཁག་རྣམས་ཞུ་གཏུགས་བྱེད་ས་མེད། མི་ལོ་ཉི་ཤུའི་སྔོན་ལ་རུ་སྡེའི་ནང་ཉིན་རེའི་འཚོ་བ་དེ་སྒོར་མོ་མེད་ཀྱང་བསྐྱལ་ཐུབ་པ་དང་། ད་ལྟ་གནས་ཚུལ་གཞི་ནས་འགྱུར་ཏེ་སྒོར་མོ་མེད་ན་རུ་སྡེའི་ནང་འཚོ་བ་བསྐྱལ་ཐབས་མེད་པ་ཆགས་ཟིན། འདི་དཔལ་འབྱོར་གྱི་མ་རྩ་དང་སྤྱི་ཚོགས་སྒྱུར་བཀོད་བྱས་པའི་འབྲས་བུ་རེད།

            བོད་པའི་བག་ཆགས་ནང་ནང་ཆོས་ཅུང་ཟབ་པས་འདོད་ཆུང་ཆོག་ཤེས་ཀྱི་ལྟ་བ་ཡོད་པ་དང་། འདོད་ངམས་ཅུང་ཆུང་བས། སྐྱིད་པའི་འཚོ་བ་ཞེས་པའི་ཚད་གཞི་མི་རིགས་གཞན་དང་མི་འདྲ་པར་ཤ་མར་ཐུལ་གསུམ་དང་དཀར་ཟོས་འཛོམས་ཚེ་སྐྱིད་སྣང་འཆར། དེའི་སྟེང་ཚེ་འདི་ནི་ཐོག་མཐའ་མེད་པའི་རྣམ་ཤེས་ཀྱི་འཁོར་རྒྱུན་རིང་མོའི་ནང་ལན་ཅིག་སྐུ་མགྲོན་ལྟ་བུར་འདོད་པས། སྐྱེ་འཆིའི་འཇིགས་སྣང་ལས་བཀྲོལ་ཏེ་སེམས་ཀྱི་ཕུགས་ན་དཀའ་ལས་དེ་འདྲ་མེད་ཀྱང་། ཁྱིམ་གྱི་འཚོ་བའི་ཆ་རྐྱེན་འཛོམས་མིན་ཐད་སེམས་ཁྲལ་བྱེད་ཀྱང་དེའང་འཁོར་བའི་མཐར་ཐུག་གི་སྡུག་བསྔལ་དུ་མི་འདོད་པས་སེམས་ངལ་དེ་འདྲ་མི་ཆེ།

        ད་ལྟའི་མི་རབས་རྒན་པ་རྣམས་གོང་གི་གནས་ཚུལ་འོག་འགྲིགས་ཡོད་ཀྱང་། མི་རབས་རྗེས་མ་དད་པ་ཇེ་སྲབ་ཏུ་སོང་སྟེ་མ་འོངས་པ་ན་སེམས་ངལ་ཆེན་པོར་འཕྲད་རྒྱུའི་ཕྱོགས་སུ་འཁོར་བཞིན་པ་འདི་ལས་ལྷག་པའི་ཉེན་ཁ་ཆེན་པོ་ཞིག་མེད། ད་ལྟའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་རྒྱུ་འབྱོར་བ་འགྲིགས་ཡོད་ཀྱང་། མི་ཚེ་ཧྲིལ་བོ་སྔ་མོ་ནས་དུས་བགོས་འཆར་གཞིའི་ནང་བཅུག་ཟིན་པ་དེ་བཞིན་འདོད་ཐོག་ཏུ་འགྲུབ་ཐུབ་མེད་པས་མི་ཚེ་ཐུང་དྲགས་སོང་ཞེས་སེམས་ངལ་ཆེན་པོ་བསྐྱེད་པ་དང་། འཆི་བདག་བསླེབས་ཀྱང་འཆི་བའི་འཇིགས་པ་ལས་ཐར་མ་ཐུབ་པར་དཀའ་ལས་བཟོད་གླགས་མེད་པ་མྱོང་བཞིན་ཡོད་ཚུལ་ངས་མང་པོ་མཐོང་མྱོང་། འཆི་མ་འདོད་པས་དེང་རབས་སྔོན་ཐོན་གྱི་འཕྲུལ་ཆས་བེད་སྤྱད་དེ་སྙིང་ལྡིང་གི་བཅུག་ཡོད་ནའང་། འཆི་བའི་འཇིགས་པ་དེ་སྙིང་ལྡིང་མ་ལྡིང་ཙམ་མིན་པར་མི་ཚེའི་རྟོགས་པ་ཟབས་མོར་རག་ལས་ཡོད་པས། སྐྱེ་རྒ་ན་འཆི་ནི་འཁོར་བའི་ཆོས་ཉིད་དང་། ཚེ་འདི་རྫོགས་ཤིང་ཕྱི་མར་འགྲོ་རན་པའི་ལྟ་བ་གཞི་ནས་མེད་པས། འཆི་ཁར་ནག་བརྡིབས་ཆེན་པོའི་ཀླུང་དུ་ལྷུང་བཞིན་པའི་འཇིགས་སྣང་འཆར་ཞེས་ང་ལ་དེ་འདྲ་བཤད་མྱོང་།  འདི་ནི་ནུབ་ཕྱོགས་སུ་སྐྱེ་འཆི་ཆོས་ཉིད་དུ་རྟོགས་པའི་མཚན་ཉིད་རིག་པ་དར་མ་ཐུབ་པའི་སྐྱོན་ཞིག་ཨེ་ཡིན་སྙམས།

       དེང་རབས་ཤེས་བྱས་དབུལ་བས། བོད་པས་ནུབ་ཕྱོགས་པའི་དངོས་པོའི་རིག་གནས་ལ་ཡིད་སྨོན་བྱེད་པ་དང་། དེང་རབས་དངོས་པོའི་རིག་གནས་ཀྱིས་ཕྱུག་པའི་ནུབ་ཕྱོགས་པས་བོད་ཀྱི་ནང་ཆོས་དང་འབྲེལ་བའི་སེམས་གནས་ལ་ཡིད་སྨོན་བྱེད་བཞིན་པའི་གནས་ཚུལ་འདི་ལྟད་མོ་འཚར་པོ་ཞིག་ཏུ་ངེས་ཤིང་།  དགག་སྒྲུབ་ཀྱི་ལྟ་བའི་སྒང་ནས་རང་ལ་གང་འཕྲོད་གང་འགྲིགས་བརྟག་ཏེ་རིག་གནས་སྤེལ་དགོས་པ་ལས་གཞན་གྱི་རྗེས་སུ་དམུས་ལོང་གར་འཁྲིད་བྱེད་མི་རུང་། ཕྱིང་གུར་ཕུག་སྡེ་བར་གཞུང་ལུགས་ཀྱི་སྒང་ནས་དེ་འདྲའི་སྣེ་འཁྲིད་མཁན་མེད་ཀྱང་། མིག་རྒྱང་ཐུང་བའི་གཞོན་རབས་མང་པོས།  ཐང་གི་དངུལ་ཡི་ཁེ་ཕན་ལེན་ཆེད་དུ་རུམ་གྱི་བྲོ་བརླག་བཞིན་པ་མངོན་སུམ་དུ་སྣང་། ད་ལྟའི་དུས་འདིར་དངུལ་དང་བྲོ་གཉིས་ཀ་འཛོམས་དགོས་པས། རྣམ་དཔྱོད་ཀྱི་རྩལ་དང་ལྡན་པའི་མི་འབོར་སྤུས་དག་ཅན་ནི་རུ་སྡེ་གང་ཞིག་གི་ལོ་རྒྱུས་བསྐྱང་ཐུབ་མིན་གྱི་བདག་རྐྱེན་ཏུ་གྱུར།

ཡུལ་ཆོས་རྣལ་མ་ལག་བསྟར་བྱེད་ཐུབ་ལ་རང་བྱུང་ཁོར་ཡུག་གཙང་བའི་རུ་སྡེ་ཞིག་འཁྱོངས་མི་འཁྱོངས་དང་འགྲུབ་མི་འགྲུབ་དེ་གནད་འགགས་ཤིག་ཏུ་སྣང་འདུག གཅིག་ནས་རང་གི་རིག་གནས་ཀྱིས་རང་ཚུགས་ཟིན་མི་ཟིན་ལ་ཐུག་ཡོད་པ་དང་། གཉིས་ནས་རང་ཚུགས་ཟིན་པའི་རིག་གནས་ཀྱི་མ་ལག་ཆེན་པོའི་འཕེལ་རྒྱུན་ལ་བར་ཆད་མེད་པར་རང་བྱུང་ཁོར་ཡུག་ཇི་སྲིད་གནས་ཀྱི་བར་དུ་འཕེལ་ཐུབ་པ་དང་། འཕེལ་པ་དེ་སྲིད་དུ་རུ་སྡེའི་ཁྱད་ཆོས་གྲུབ་བྱེད་ཀྱི་ཡུལ་ཆོས་ཀྱང་དུས་ཀྱི་རྗེས་ཆོད་ཏེ་ཡར་རྒྱས་སུ། སྙིག་དོར་བཅུད་ལེན་དང་གསར་རྙིང་ཟུང་འབྲེལ་གྱི་དཔྱོད་མིག་ལྡན་དགོས།

      ངག་རྒྱུན་སློབ་གསོ།

       ཁྱིམ་ཚང་དང་།  སྡེ་མི་ཡོངས།   ངག་གི་བརྗོད་རྩལ་རྫོགས་ཤིང་གང་བསམ་ཡུལ་ཆོས་འགྲེལ་བརྗོད་ལ་ཆག་ཐོག་བྲལ་བའི་སྐྱེས་བུ་དང་།   བུད་མེད་བཅས་ནི་ངག་རྒྱུན་སློབ་གསོ་དང་འབྲེལ་བ་དམ་པོ་འདུག་པའི་ངག་རྒྱུན་སློབ་གསོ་བར་ཆགས་འདུག་པ་དང་།  ངག་རྒྱུན་སློབ་གསོའི་ཁྱད་ཆོས་ཏེ།   འཁྲིད་སའི་གནས་ངེས་མེད།   འཁྲིད་བྱ་ངེས་མེད།   འཁྲིད་དུས་ངེས་མེད།   དགེ་རྒན་ངེས་མེད།   སློབ་མ་ངེས་མེད།   འཁྲིད་ཡུན་ངེས་མེད་བཅས་དྲུག་དང་མཐུན་པར་གཞན་ལ་དམར་ཁྲིད་དམ་ངག་ཐོག་ནས་མ་ཤེས་པ་ཕྲལ་ཉིད་དུ་ཤེས་པར་བྱེད་དུ་འཇུག་པའི་འཁྲིད་ཐབས་དང་།  འཁྲིད་བྱ་དེ་བློ་ངོ་ན་ཡོད་པ་དང་ཉམས་མྱོངས་ཡོད་མེད་ལ་ཐུག་ཡོད་པའི་འཁྲིད་གཞི།   དགེ་སློབ་དང་ཡུལ་དུས་ངེས་མེད་ཀྱི་སློབ་གསོའི་རྣམ་པ་ཞིག་ལ་ངག་རྒྱུན་སློབ་གསོ་ཟེར།

       ཕྱིང་གུར་ཕུག་སྡེ་བར་མཚོན་ན། སྲོང་བཙན་སྒམ་པོ་དང་།  དྲི་མེད་ཀུན་ལྡན་བཅས་རྣམ་ཐར་གཉིས་ཀ་དང་། ཕ་གཡོག་གི་སྒྲིག་འཛུགས་འགྲོ་སྟངས། སྡེ་བའི་འགྲིགས་ལམ། བོད་སྐད། དད་པ་སོགས་ཡུལ་ཆོས་གལ་ཆེན་ཁག་རུ་སྡེའི་ངོ་བོ་འཛིན་བྱེད་དུ་ཆགས་ཤིང་།  སྡེ་བའི་ངག་རྒྱུན་སློབ་གསོ་ཡིས་འགན་དེ་བཏགས་ཏེ་ད་ལྟའི་དབར་བསླེབས།   ཁྱིམ་ལས་དང་རི་ལས།   འབྲོག་ལས་དང་ཞིང་ལས།   ཡུལ་ཆོས་གོམས་ལུགས།  ན་གཞོན་བུ་མོའི་སྐྲ་ཕབས་སྲོལ་དང་།  སྟག་གསར་གཞོན་ནུའི་མི་གྲལ་ཞུགས་སྲོལ་བཅས་ཐམས་ཅད་ངག་རྒྱུན་སློབ་གསོར་བརྟེན་ནས་རྒྱུན་འཛིན་བྱས།   སློབ་གསོ་འདིའི་འགྲོ་སྟངས་ལས་སྐྱེས་ཆེན་དམ་པ་དང་སྡེ་བ་འདི་ཡི་གཞི་འཛིན་མི་འབོར་མང་པོ་རབས་དང་རིམ་པ་བསྐྱངས་ཏེ་སྤྱི་ཚོགས་ཀྱི་དབྱིབས་གཞི་མ་ཐོར་བར་ད་ལྟའི་ཚད་འདིར་བསླེབས་ཐུབ་པར་གྱུར།

       དེང་སང་། ངག་རྒྱུན་སློབ་གསོའི་ཁྱབ་ཁོངས་གལ་ཆེན་ཞིག་ཏེ་སྔོན་འགྲོ་སློབ་གསོ་གཞུང་བཙུགས་སློབ་གྲྭའི་ཁོངས་སུ་བཅུག་ཟིན་པས།   བྱིས་པ་ལོ་བཞི་ནས་དྲུག་པ་དབར་ཐམས་ཅད་སྐད་གཉིས་ཅན་གྱི་སྔོན་འགྲོ་སློབ་གསོར་ཞུགས་པ་དང་། ལོ་བདུན་སྟེང་འཛིན་གྲྭ་དང་པོ་འགོ་བཙུགས་ཏེ་བཅའ་བསྡོད་བྱས་པས། སློབ་ཞུགས་བྱིས་པ་ཕལ་ཆེ་བས་རང་གི་རུ་སྡེའི་ས་མིང་དང་། གཞི་བདག བཅའ་ལག་སོགས་ཡུལ་ཆོས་ཤེས་རིག་གི་ནང་དོན་མི་ཤེས་མཁན་ཇེ་མང་དུ་འགྲོ་བཞིན་པས།  ངག་རྒྱུན་ཤེས་བྱའི་རྒྱུན་འཛིན་མི་འབོར་ཇེ་ཉུང་དུ་ཕྱིན་ཞིང་།   ངག་རྒྱུན་སློབ་གསོ་ལྟག་ཆུ་ཆད་པའི་རྫིང་བུ་ཞིག་ཏུ་འགྱུར་བཞིན་མཆིས།  གནས་ཚུལ་དེ་སེལ་བྱེད་ཀྱི་ཐབས་ཡག་ཤོས་ཤིག་ནི།   སྡེ་བ་རེ་རེར་ངག་རྒྱུན་སློབ་གསོ་དང་སྔོན་འགྲོ་སློབ་གསོ་ཟུང་འབྲེལ་གྱི་སློབ་གྲྭ་བཙུགས་ཏེ་སྒྲུབ་དགོས་ཤིང་།   སྡེ་བའི་ངག་རྒྱུན་ན་ཡོད་པའི་ཡུལ་ཆོས་ཤེས་རིག་གི་རྨང་གཞི་བརྟན་པོ་ཆགས་རྗེས་ལོ་རིམ་དང་པོར་ཞུགས་ན་བྱིས་པའི་འཇུག་ཤེས་ཆོས་ཉིད་དང་མཐུན་པར་མ་ཟད།   སློབ་གསོའི་ལས་ཕྱོད་ཇེ་ཆེ་དང་།  བྱིས་པའི་ཤེས་བྱའི་ཀློངས་ལ་འཇུག་འདོད་ཀྱི་སྤྲོ་བ་རྒྱས་ཐུབ།

       ཡང་ན། སྔོན་འགྲོ་སློབ་གསོ་ནས་འཛིན་གྲྭ་ལྔ་བ་དབར་རང་གི་རུ་སྡེའི་ནང་སྤེལ། དགེ་རྒན་ལ་རུ་སྡེའི་མི་ཉམས་མྱོང་ཅན་ཞིག་དང་། བོད་ཡིག་བོད་སྐད་དག་ཅིང་གཙང་བའི་གཞུང་བཀོད་དགེ་རྒན་གཉིས་ཟུང་འབྲེལ་གྱིས་ཡུལ་ཆོས་ཤེས་བྱ་གཙོས་པའི་བསླབ་དེབ་བསྒྲིགས་ཏེ་བསྐྱང་ན། རུ་སྡེ་ཡི་ཡུལ་ཆོས་མ་ལག་རྒྱུན་འཛིན་གཙང་མ་བྱེད་ཐུབ་ཅིང་། ཕ་སྐད་ཀྱི་རྨང་གཞི་བརྟན་པོ་ཆགས་ཏེ། སྐད་རིགས་གཉིས་པ་དང་གསུམ་པ་རིམ་གྱིས་སྦྱོང་བར་གྲོགས་བྱེད་པར་མ་ཟད། ཕ་སྐད་ནང་ཡོད་པའི་ནུས་པ་དང་ཡོན་ཏན་སྐད་རིགས་གཉིས་པ་དང་གསུམ་པའི་ནང་འཕོ་ཐུབ། དེ་ནས་རིགས་སྟོབས་རྒྱས་ཏེ། སློབ་གྲྭ་ཆེན་མོའི་སྐབས་སུ་སྐད་རིགས་གཉིས་པའམ་གསུམ་པའི་རིག་གནས་སྦྱང་བྱེད་ཀྱི་ནུས་པ་ཡོད་པ་ཞིག་བསྐྱང་དགོས།

དྲུག་པ། ཕྱིང་གུར་ཕུག་སྡེ་བའི་སྐད་ཡིག་བེད་སྤྱོད།

      སྐད་རིགས་ཀྱི་རྨང་གཞི། བརྒྱ་ཆ་དགུ་བཅུ་བོད་སྐད་གཅིག་པོ་མ་གཏོགས་བཤད་མི་ཤེས། རྒད་པོ་རྒོད་པོ་འགའ་བྱུང་མྱོང་། དམག་འགོར་དམག་གཏམ་དང་། རྩྭ་སའི་གྱོད་བཤད་པའི་སྐབས་སུ་གཏམ་དཔེ་ཆུ་བཞུར་བཞུར་དང་། ཚིགས་བཙན་པོ་ལྷོག་ལྷོག་ཏུ་ཐོན་ཞིང་། དོན་གྱི་འགགས་རྩ་མཛེས་མས་སྐྲ་ཤད་ཤད་དུ་བཀྲོལ། བསང་ལ་རྩེ་ཡི་སྐབས་སུ་དམངས་མིའི་དབུ་འདྲེན་ཞིང་། མཛད་སྒོ་རེ་རེའི་འགོ་རྔ་ཚང་ཞིང་རྒན་གཞོན་བར་མར་གོ་རིམ་ལྡན་པ་བཀོད་སྒྲིག་ཡོད་པར་མ་ཟད།  བསང་བརྩི་རྒྱུའང་ལ་ལར་ཆུ་ཚོད་གཅིག་གམ་ཕྱེད་ལྷག་ཡོད། དེང་སང་གཞོན་སྐྱེས་མང་པོས་བསང་རྩི་མི་ཐུབ་པའི་གནས་ཚུལ་མང་པོ་བྱུང་། བསང་ཡིག་གི་ཚིགས་སྡེབ་སྙན་ཞིང་ནང་དོན་ཡང་རང་གི་རུ་སྡེ་དཀྱུས་གསུམ་དང་འབྲེལ་དམ་པས། སྐབས་འགར་ལྷ་དང་གཞི་བདག་རྣམས་དང་ངོ་སུམ་འཛོམས་ཀྱིས་དོན་བཅོལ་བཞིན་པའི་སྣང་བ་སྐྱེས། དེ་ལས། གཏམ་དཔེ་མང་པོ་བཤད་ཤེས་བ་དང་བསང་བརྩི་ཤེས་པ་དེ་སྐད་ཆའི་བཤད་རྩལ་འདོན་པ་ལ་ཕན་རླབས་ཆེ་བས། རུ་སྡེ་འདིའི་སྐད་རིགས་གནས་བྱེད་ཀྱི་གཞི་གདན་ཏུ་ཆགས།

       ཡང་། སྐད་ཆའི་བཤད་རྩལ་ཡར་རྒྱས་ཡོང་བྱེད་གཞན་ཞིག་ནི། ལོ་རེ་ཐེངས་གཉིས་རེ་འཁྲབ་བཞིན་པའི་ཟློས་གར་གཉིས་ཏེ། སྲོང་བརྩན་སྒམ་པོ་དང་། དྲི་མེད་ཀུན་ལྡན། ཞེས་པ་ཡིན་ཞིང་། གཞོན་སྐྱེས་ཕོ་མོ་སུ་ཡིན་ཀྱང་ཞུགས་ཆོག་ཅིང་། སྐད་ངག་བདེ་མི་བདེའི་དབང་གིས་རྒྱལ་བོ་བློན་པོ་བྲོ་བ་སོགས་ཞུགས་ཚད་གཅིག་འདྲ་མིན་ཞིང་། གར་གྱི་ཉམས་བརྒྱད[22]་བཏོད་པ་བརྒྱུད་ཚིག་གི་སྡེབ་རྩལ་དང་དོན་དག་སྣ་ཚོགས་འགྲེལ་བརྗོད་ཀྱི་ནུས་པ་གསོ་སྐྱོང་བྱས་དང་བྱེད་བཞིན་པ་མངོན་སུམ་དུ་སྣང་ལ།  ཕ་སྐད་ཀྱི་རྨང་གཞིའི་ནུས་རྩལ་རྣམ་ཐར་འདི་གཉིས་ལ་བརྟེན་ནས་ཐོབ་ཅིང་།  མི་ཆོས་བཟང་བོ་དང་ལོ་རྒྱུས་ཤེས་བྱའང་རྣམ་ཐར་འདི་གཉིས་འཁྲབ་པ་ལ་བརྟེན་ཐོབ།   སྐད་ཆའི་བརྗོད་རྩལ་དང་སེམས་ཀྱི་འཇིག་རྟེན་ལྷུག་པོར་འགྲེལ་ཐུབ་པའི་ཕ་སྐད་བྱང་མ་རྣལ་མ་ཡི་རྨང་གཞི་རང་གི་རུ་སྡེའམ་གྲོང་གསེབ་ནས་ཆགས།

ཡུལ་མིའི་འཚོ་བ་དང་སྐད་རིགས་དབར་གྱི་འབྲེལ་ལམ་གནས་བབ། ཡུལ་མིའི་འཚོ་བ་དང་སྐད་རིགས་དབར་གྱི་འབྲེལ་བ་ནི་ཕན་ཚུན་རྟེན་ཅིང་འབྲེལ་བའི་རང་བཞིན་ཞིག་ཡིན་ཞིང་། སྐད་རིགས་ནི་འཚོ་བ་ལས་བྱུང་ཞིང་འཚོ་བའི་འབྲེལ་ཐག་ཀྱང་ཡིན་པས། འཚོ་བའི་ཁྱབ་ཁོངས་རྒྱ་བསྐྱེད་པ་ལ་སློབ་གསོ་དགོས་ཤིང་། ཡིག་ཐོག་དང་ངག་རྒྱུན་སློབ་གསོ་བརྒྱུད་དེ། དད་པ་སོགས་སེམས་ངལ་གསོ་བྱེད་ཀྱི་རིག་གཞུང་སྣ་ཚོགས་སྤེལ། ཡང་། འཚོ་བའི་ཁྱབ་ཁོངས་འཛིན་བྱེད་ཀྱི་དངོས་པོའི་རིག་གནས་དང་སེམས་ངལ་གསོ་བྱེད་ཀྱི་རིག་གཞུང་སྣ་ཚོགས་སྐད་རིགས་ལ་བརྟེན་ནས་འབྲེལ་འདྲིས་བྱེད་པ་དང་། སློབ་གསོར་བརྟེན་ནས་ཡར་རྒྱས་རྒྱུན་འཛིན་བྱེད་པ་ནི་དེང་དུས་འཛམ་གླིང་སྤྱི་ཡི་གཅིག་མཐུན་འགྲོ་ཐབས་ཤིག་ཏུ་ཆགས།  དེ་ལྟར་སྡེ་བའམ་གྲོང་གསེབ་འདི་ཡི་འཚོ་བ་དང་སྐད་རིགས་དབར་གྱི་འབྲེལ་བའང་དེ་ལས་མ་འདས་པར་གཅིག་ལ་གཅིག་བརྟེན་དང་ཆར་བ་ཆུ་གྲོགས་སུ་སྣང་།   སྐད་རིགས་ཀྱི་སྤྱོད་སྒོ་ཇེ་ཆུང་དུ་ཕྱིན་ན་འཚོ་བའི་ཁྱབ་ཁོངས་ཇེ་ཆུང་དུ་རང་བཞིན་གྱིས་འགྲོ  འཚོ་བའི་ཁྱབ་ཁོངས་རྒྱ་ཆེ་ཆུང་གིས་དེ་འབྲེལ་གྱི་རིག་གནས་རིན་ཐང་འཇོག

ཕྱིང་གུར་ཕུག་སྡེ་བའི་རང་བྱུང་དང་རིག་གནས་ཁོར་ཡུག་གནས་ཚུལ་གྱིས་སྡེ་བ་འདི་ཡི་སྐད་ཆའི་གཞི་གཏིང་དེ་ག་ཚོད་ཡོད་པ་མཚོན་ལ། སྐད་ཆའི་བཀོལ་རྒྱ་ཆེ་ཆུང་གིས་ངག་རྒྱུན་སློབ་གསོ་ཡི་ཚད་རིམ་མཚོན། ཡང་། རུ་སྡེ་འདི་ཡི་མི་འབོར་གྱིས་བོད་སྐད་ཀྱི་ཁོར་ཡུག་གི་རྒྱ་ཆེ་ཆུང་མཚོན། ལོ་རབས་བརྒྱད་བཅུ་བའི་སྟོད་ཙམ་གྱི་བར་བོད་སྐད་བཤད་མཁན་ཏག་ཏག་ཡིན་ཞིང་། ཆོས་སྒོ་ཕྱེས་བ་ནས་བཟུང་། དགོན་པ་སོ་སོ་སླར་གསོ་ཐོབ་པ་དང་ལྷན། བོད་ཡིག་བསླབ་གྲྭ་བོད་ཀྱི་སྤྱི་ཚོགས་ནང་རིམ་པར་བཙུགས་པ་དང་། སྡེ་བའི་ནང་ཨ་མཆོད་ཕེབས་ཏེ་བོད་ཡིག་གི་བཀླགས་སྐད་ཐོས་རྒྱུ་ཡོད་པར་གྱུར་ཅིང་། བྱིས་པ་འགའ་གཞུང་བཙུགས་བསླབ་གྲྭར་ཕྱིན་པས་གྲྭ་བ་བྱས་མེད་ཀྱང་བོད་ཡིག་གི་ཡིག་ངོ་ཆོད་པའི་གནས་ཚུལ་ཐོག་མར་བྱུང་།

དེ་ལྟར། མི་ལོ་སུམ་བཅུའི་རྗེས་སུ་རུ་སྡེ་འདི་ཡི་ནང་བོད་སྐད་ཆུ་ཚད་མ་འདྲ་བའི་མི་ཚོགས་རིགས་ལྔ་བྱུང་ཡོད་དེ། བོད་སྐད་རང་གི་ཉིན་རེའི་འཚོ་བར་གོ་ཆོད་པ་ཙམ་ཤེས་མཁན། བོད་སྐད་ཀྱི་སྒང་ནས་ཉིན་རེའི་འཚོ་བ་མ་ཟད། བྱ་བ་རྙོག་འཛིངས་ཅན་དང་དོན་ཏག་ལྐོག་གྱུར་ཅན་འགྲེལ་བཤད་རྒྱག་ཐུབ་མཁན། བོད་སྐད་དང་རྒྱ་སྐད་གཉིས་ཆ་ཐབ་ཆག་བཤད་ཤེས་མཁན། བོད་ཡིག་དང་བོད་སྐད་གཉི་ཀ་ཡག་པོ་ཤེས་མཁན། བོད་སྐད་བཤད་ཤེས་པའི་ཟུར་ཏུ་རྒྱ་ཡིག་རྒྱ་སྐད་ཡག་པོ་ཤེས་མཁན། སྐད་རིགས་ཤེས་ཚད་ཀྱི་སྒང་ནས་རིགས་འདི་ལྔ་བྱུང་བ་ནི། བོད་ཀྱི་སྤྱི་ཚོགས་ནང་སློབ་གསོ་རིགས་གསུམ་སྤེལ་བའི་འབྲས་བུ་ཡིན་པས། སློབ་གསོ་རིགས་གསུམ་དང་འབྲེལ་བའི་དཀའ་རྙོག་གི་སྐོར་བདག་གི་དེབ་དེ་ཆ་ཚང་བཀླགས་ན་ཤེས་སླ། འདི་སྔར་གྱི་གྲུབ་མཐའ་ཁག་གི་རྗེས་འགྲངས་ཏེ་རང་ཕྱོགས་འཁྲག་འཛིན་བྱས་ཤིང་། སྤྱི་ཚོགས་ནང་འཁྲུགས་བྱུང་མྱོང་ནའང་། མི་རིགས་ཀྱི་ངོ་བོ་ལ་གནོད་པ་ཐེབས་མེད། གོང་གི་སྐད་རིགས་གནས་ཚུལ་དེ་གྲུབ་མཐའི་གནས་ཚུལ་དང་གཏན་ནས་མི་འདྲ། མི་རིགས་ཀྱི་ངོ་བོ་འཐེན་ཁྱེར་འབྱུང་བྱེད་ཀྱི་རྨང་གཞི་ཞིག་ཏུ་ཆགས་ཡོད་པས། སྐད་རིགས་གི་སྤྱི་ཚོགས་སྣང་ཚུལ་དེར་ཕྱིས་སུ་ཆེད་དམིགས་ཀྱིས་བརྟག་དཔྱད་ཞིབ་འཇུག་ཅིག་བྱེད་དགོས་སྙམས།

 

བདུན་པ།  ཕྱིང་གུར་ཕུག་སྡེ་བའི་འཕོ་འགྱུར་འགྲོ་ཕྱོགས།

སྤྱི་ཚོགས་ཆེན་པོའི་དེང་རབས་འགྲོ་ཕྱོགས་འཕེལ་ཕྱོགས་དང་འབྲེལ་བའི་བརྟག་དཔྱད་ཞིབ་འཇུག་དེ་དོན་ཆེན་ཞིག་ཏུ་སྣང་བས།  རུ་སྡེའམ་གྲོང་གསེབ་དམིགས་དཔེ་ཅན་ལ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་རྩ་བའི་ཆ་རྐྱེན་བདུན[23]་ཏེ། ཁྱིམ་གཞིས་ཆགས་ས་དང་ལས་གནས་དབར་འགྲོ་འོངས་སྟབས་བདེ་ཡིན་དགོས། དངོས་པོའི་ཆ་རྐྱེན་དང་སྤྱི་ཚོགས་ཆ་རྐྱེནགཉིས་ཀ་འཛོམས་དགོས། སྔར་ཡོད་ཁྱད་ཆོས་ཇེ་བཟང་དུ་གཏོང་ཐུབ་དགོས། སྤུས་དག་འཚོ་བའི་རྒྱུན་སྐྱོང་པ་དང་ཇེ་བཟང་དུ་གཏོང་ཐུབ་དགོས། མི་འབོར་ཕལ་ཆེ་བའི་འདོད་པ་བསྐང་ཐུབ་དགོས། དེང་རབས་ཅན་ཏུ་བསྒྱུར་རྒྱུའི་འཆར་གཞི་དེ་རུ་སྡེ་རང་གི་འཐུས་མི་ལྷན་ཚོགས་ཀྱིས་འཐེན་དགོས། དཔལ་འབྱོར་ཤུགས་རྐྱེན་དང་ས་ཞིང་རྩ་ས་བཅས་ཀྱི་བེད་སྤྱོད་དོ་མཉམ་དགོས་བཅས་པ་བགྲངས། འདི་བདུན་པོ་བོད་ཀྱི་རུ་སྡེ་ཡི་རྩ་བའི་ཆ་རྐྱེན་དང་འཕྲོད་མི་འཕྲོད་གཉིས་ཀ་མཆིས། བོད་ཀྱི་སྤྱི་ཚོགས་དེང་རབས་ཅན་ཟེར་བ་དེ་ལོ་རྒྱུས་ཀྱི་འཕེལ་རྒྱུན་གཞིར་འཛིན་དགོས་པར་མ་ཟད། སྙིགས་དོར་བཅུད་ལེན་དང་གནའ་དེང་ཟུང་འབྲེལ་གྱི་ངང་རིག་གནས་ཀྱིས་དེང་རབས་ཅན་གྱི་རྗེས་ཆོད་པར་བྱེད་དགོས། ལོ་རྒྱུས་ཀྱི་འཕེལ་རྒྱུན་གཙང་ཞིང་། དེང་རབས་རིག་གནས་ཀྱི་རྗེས་ཆོད་ཡོད་མེད་ཀྱི་མཚོན་རྟགས་ནི། རུ་སྡེའམ་གྲོང་གསེབ་ཀྱི་འཚོ་བའི་གནས་སྟངས་ཡིན།

བོད་ཀྱི་ཁྱད་ཆོས་ལྡན་ཞིང་དེང་རབས་ཅན་གྱི་རྗེས་ཡང་ཆོད་ཡོད་པའི་རུ་སྡེ་དམིགས་དཔེ་ཅན་ཞིག་འཚོལ་རྒྱུ་ནི་དུས་སུ་བབས་པའི་དཔྱད་བྱ་འགངས་ཆེན་ཞིག་ཏུ་སྣང་། བོད་ཀྱི་སྤྱི་ཚོགས་ཁྱོན་ན་དམིགས་དཔེར་འོས་པའི་རུ་སྡེ་ཞིག་ད་སྔ་མེད་ཚོད་དུ་འདུག རུ་སྡེ་དེ་འདྲ་ཞིག་ལ་འཛོམས་དགོས་པའི་ཆ་རྐྱེན་ལ། སྤྱི་ཚོགས་ཀྱི་སྒྲིག་གཞི་དང་འབྲེལ་ལམ་ཇེ་དམ་དང་། ཡུལ་ཆོས་ལག་ལེན་བཅས་ཀྱི་ཐད་ནས་བསམ་བློ་བཏང་ན། ཐོག་མར། དཔལ་འབྱོར་གནས་སྟངས། གཉིས་སུ། མི་འབོར་སྤུས་ཀ གསུམ་ནས། འཚོ་བ་སྐྱིད་ལ་སེམས་ངལ་མེད་པ། བཞི་ནས། ཡུལ་ཆོས་རྣལ་མ་ལག་བསྟར་བྱེད་ཐུབ་ལ་རང་བྱུང་ཁོར་ཡུག་གཙང་བ་བཅས་ཀྱི་ཆ་རྐྱེན་བཞི་ག་འཛོམས་དགོས་ཞེས་འདོད།

       ཉེ་བའི་མི་ལོ་ཉི་ཤུའི་ནང་། འགྱུར་བ་ཆེན་པོ་རྣམ་གཉིས་ཏེ། འཛམ་གླིང་ཅན་(Globalization) དང་ས་གནས་ཅན་(Localization) ཞེས་པ་གཉིས་ཕྱི་ནང་གི་སྟོབས་ཤུགས་སྣ་ཚོགས་དང་ལྷན། ལུང་བ་སྐམ་པོར་ཆུ་ལོག་རྒྱུགས་རྒྱུགས་ཀྱིས་སྤྱི་ཚོགས་ཆེན་པོའི་ཟ་ཟུར་ཁྱོན་ལ་འཕོ་འགྱུར་བཟོས་དང་བཟོ་བཞིན་པ་ལགས་ན། བོད་ཀྱི་རུ་སྡེ་འོ་ཅོག་ཀྱང་དེའི་ཁོངས་གཏོགས་སུ་མཆིས་པས་གདོང་ལེན་ཚགས་ཚུད་པོ་ཕྱོད་ཆེར་བྱེད་དགོས་པ་ལས་འོས་གཞན་ཅི་ཡང་མེད་ཀྱང་། རང་གི་སྤྱི་ཚོགས་ནང་ནུས་པ་སྣ་འཛོམས་ཀྱི་སྒྲིག་འཛུགས་ཏེ་དགོན་པ་དང་།  སྤྱི་ཚོགས་ཀྱི་སྒྲིག་འཛུགས་ཆུང་མཐའ་སྟེ་ཁྱིམ་ཚང་དུ་གློག་གི་མཆོད་མེ་སྒྲོན་པ་དང་། ལྭ་འཁྲི་བྱེད་ཀྱི་འཕྲུལ་ཆས་ནང་འོ་མ་དཀྲིགས། རླངས་འཁོར་སྐོར་རྒྱུ་སོགས་གང་འཇོན་འཇོན་དང་རྗེས་ཨེ་ཆོད་ཆོད་བྱེད་བཞིན་པ་ལྟ་བུ་དང་། དེ་ལས་ད་དུང་བརྡ་འཕྲིན་དང་སྐད་འཕྲིན་བེད་སྤྱད་པ་དེས་རང་སེམས་བསྒྱུར་བྱེད་ཀྱི་བརྡ་བཟང་ངན་སྣ་ཚོགས་ཐག་རིང་ཐུང་མ་ལྟོས་པར་སྐད་ཅིག་རེ་རེའི་ནང་བསླེབས། གནས་ཚུལ་འདིའི་འོག རང་ཅག་གི་རུ་སྡེའམ་གྲོང་གསེབ་བོ་ཅོག་གི་སྔར་ཡོད་སྐད་རིགས་ཀྱི་རྨང་གཞི་དེའང་ཡུལ་དུས་དང་མཐུན་པར་རྒྱ་བསྐྱེད་དགོས་ཤིང་། རྨང་གཞི་དེ་ཚད་ག་འདྲ་ཞིག་ཏུ་བསྐྱེད་རྒྱུའི་གནད་དོན་དེ་གྲོང་གསེབ་པ་དང་། མཁས་དབང་རྣམ་པ། ས་གནས་སོ་སོའི་སྐུ་ཚབ་ལྷན་འཛོམས་ཀྱིས་གྲོས་གནད་སྨིན་ཏུ་བྱས་ཏེ་འབྱུང་འགྱུར་སྤྱི་ཚོགས་བརྟན་བྱེད་ཀྱི་གཞི་འདིངས་དགོས།

ཉེ་ཆར། བོད་ཀྱི་རུ་སྡེའམ་གྲོང་གསེབ་གསར་བ་འཛུགས་སྐྲུན་ཞེས་པའི་ལས་གཞི་ལག་བསྟར་བྱེད་བཞིན་པ་དེའི་ནང་། བོད་ཀྱི་རུ་སྡེའམ་གྲོང་གསེབ་དེ་དངོས་ནས་ག་འདྲ་ཞིག་ཡིན་དགོས་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་སྟོན་མེད་པར། ལམ་ཇེ་བདེ་དང་ཇེ་ཆེར་བཏང་ཞིང་། འབྲོག་གི་རུ་རྣམས་གྲོང་ཏུ་ཕབས་སྟེ་རྒན་པ་རྣམས་ཀྱི་ཉིན་རེའི་འཚོ་བ་སྟབས་ཇེ་བདེར་བཏང་། རོང་བའི་མཐའ་གྱང་ལ་དཀར་རྩི་བྱུགས་ཏེ་ཕྱི་ལྟས་ཇེ་ཡག་ཏུ་བཏང་བ་སོགས་ཕྱིའི་རྣམ་པ་ཙམ་ལས། རང་གི་སྐད་དང་། རིག་གནས་དང་ཡི་གེ་བེད་སྤྱད་དེ་དཔལ་འབྱོར་ཡར་རྒྱས་དང་། ཡོང་སྒོ་བརྟན་ལ་རང་གི་འཚོ་བའི་འགྲོ་སྟངས་བཟང་པོ་སྐྱོང་ཐུབ་པའི་ལས་ཞིག་ཏུ་བསམ་དཀའ། བོད་རང་གི་སྲོལ་རྒྱུན་རིག་གནས་དང་སྐད་རིགས་ཀྱི་ནང་དེང་རབས་དངོས་ཆོས་འགྲེལ་ཐུབ་བྱེད་ཀྱི་ཆ་མི་འདངས་པ་བདེན་ཀྱང་། དེ་ནི་བསལ་ཐུབ་པའི་གནད་དོན་ཞིག་རེད། སྐད་རིགས་ཀྱི་གོང་འཕེལ་དང་སྤྱི་ཚོགས་ཀྱི་ཡར་རྒྱས་གཉིས་ཕན་ཚུན་གྲོགས་སུ་སྤེལ་ན་གནད་དོན་དེ་མེད་འགྲོ དེང་སང་། དཔལ་འབྱོར་དང་འབྲེལ་ཁ་གསོ་བྱེད་དང་སྤྱི་ཚོགས་ཡར་རྒྱས་སུ་གཏོང་བྱེད་ཀྱི་སྐད་རིགས་དེ་བོད་སྐད་བོད་ཡིག་མ་ཡིན་པར་སྐད་རིགས་གཞན་པ་ཡིན་པས། ཕ་སྐད་ཀྱི་སྤྱི་ཚོགས་ནུས་པ་ཕྱེད་ཀ་བཅད་ཟིན།   ཕྱིང་གུར་ཕུག་སྡེ་བའི་འཕོ་འགྱུར་གནས་ཚུལ་ལས།   གཞན་འགྱུར་ཤུགས་ཆེར་འགྲོ་བཞིན་པ་དང་།  ས་གནས་ཅན་གྱི་འཕོ་འགྱུར་ཤུགས་ཇེ་ཆུང་དུ་འགྲོ་བཞིན་འདུག

 

བརྒྱད་པ། མཇུག་བསྡུ་བའི་བསམ་གཞིགས།

སྒར་གྲོང་དབར་གྱི་འབྲེལ་ལམ་བཟང་པོ་རང་རིགས་ཀྱི་སྤྱི་ཚོགས་སྒྲིག་གཞིའི་རྨང་གཏིང་ཡིན་པས།  དུས་རབས་གསར་བའི་ནང་དེའི་རྒྱུན་ཚུལ་ཇི་ལྟར་བསྐྱང་རྒྱུའང་དཔྱད་བྱ་འགངས་ཆེན་པོ་ཞིག་ཏུ་ཆགས་འདུག   བོད་ཀྱི་ཞིང་སྡེ་དང་འབྲོག་སྡེ་མང་པོ་དུས་རབས་གསར་བའི་ནང་འགྱུར་བ་འབྱུང་རྒྱུ་དེ་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས།  སྔར་གྲོང་གསེབ་བམ་རུ་སྡེ་སོགས་གྲོང་བའི་གནས་གཞི་མེད་པ་ནས་ཡོད་པ་དང་།  ཡོད་པ་ནས་གོང་འཕེལ་ཕྱིན་ཏེ་ད་ལྟའི་ཚད་འདིར་བསླེབས་ཤིང་།   མ་འོངས་པར་འཕོ་འགྱུར་འགྲོ་ངེས་ནའང་ངོ་བོ་མ་བརླགས་པའི་འགྱུར་བ་དེར་ད་ནས་བསམ་བློ་གཏོང་དགོས་ས་ཞིག་རེད་ཅེས་སྙམས་ཤིང་།   དེ་ལྟར་རིགས་བགྲེས་ཀྱིས་སྒང་བའི་སྤྱི་ཚོགས་ཁྱོན་གྱི་རུ་སྡེ་གྲོང་གསེབ་ཀྱི་གནས་སྟངས་ཞིབ་འཇུག་ཚད་ལྡན་ཞིག་བགྱིས་ཏེ།   ཐུན་མོང་བའི་ཆོས་ཉིད་ཅིག་ལམ་སྟོན་ལྟ་བུའི་གཞུང་ལུགས་སུ་ཕབས།  གྲོང་གསེབ་བམ་རུ་སྡེ་ཡི་ངོ་བོ་གནས་བྱེད་ཀྱི་གཟུངས་བཞུགས་ལྟ་བུའི་གྲོང་གསེབ་ཤེས་རིག་ཧྲགས་བསྡུས་བགྱི་དགོས།  ཡིན་ནའང་།  ཡོད་ཚད་འགྱུར་བཞིན་པ་འདིའི་འཁོར་ཕྱོགས་ལ་བླང་དོར་གྱི་རིགས་པ་བསྒྲིམས་ཤིང་རང་གི་ཤེས་རིག་གི་རིན་ཐང་འཁོར་ཕྱོགས་ཀྱི་ཆོས་ཉིད་དང་མཐུན་པའི་ལམ་ཀ་ཞིག་ལ་བསྙེག་ཐུབ་པར་བྱ་རྒྱུ་འགངས་ཆེན་པོར་འཁུམས།   ཁྱིམ་ཚང་གི་སྒྲིག་གཞི་ནས་ཕ་གཡོག་དང་ཚོ་བ་ཕྱོགས་པའི་དབར་གྱི་འབྲེལ་ལམ་ཡང་སྤྱི་ཚོགས་གསར་བའི་འགྲོ་སྟངས་འོག་འཕོ་འགྱུར་འབྱུང་བཞིན་པ་དེ་ལས་རང་ལག་ཏུ་ཟིན་ཐུབ་པའི་ཆ་དེ་གང་ཡིན་རྟོགས་དགོས།   བབ་འདིར་སྒར་གྲོང་དབར་གྱི་འབྲེལ་ལམ་བརྟན་པོར་ཆགས་ཐབས་དེ་ལྷག་པར་གལ་ཆེ།

སྤྱི་ཚོགས་ཀྱི་གཞི་རྩར་གྱུར་བའི་རུ་སྡེའམ་གྲོང་གསེབ་ཀྱི་འབྱུང་ས་འབྱུང་ཁུངས་དང་དེ་འབྲེལ་གྱི་ཡུལ་ཆོས་ཤེས་རིག་གི་འཕེལ་རིམ་སོགས་ཐད་ཀྱི་ཞིབ་འཇུག་བོད་ཡིག་གི་སྒང་ན་ད་སྔ་དེ་འདྲ་མང་པོ་མེད་པས།  བརྟག་དཔྱད་ཀྱི་ཉམས་མྱོངས་དང་འཇུག་ཐབས་མ་ལག་ཅན་ཏུ་གྱུར་བའི་རྣམ་བཞག་ཅིག་ཆགས་མེད་པ་ཁར།  དཔྱད་ཐབས་གསར་བའང་དྲངས་མེད།  ཡིན་ནའང་དེར་ཁག་བཞག་ཏེ་བརྟག་དཔྱད་ཞིབ་འཇུག་མ་བྱས་ན།  བརྡ་འཕྲིན་གསར་བ་སྣ་ཚོགས་གོ་ལ་ཁྱོན་ནས་སྐད་ཅིག་སྐད་ཅིག་ནང་འབོར་ཆེན་རང་རེའི་སྤྱི་ཚོགས་ནང་བསླེབས་ཤིང་འཕོ་འགྱུར་གྱི་འགྲོས་ཀྱང་ཤིན་མྱུར་བའི་ད་ལྟའི་དུས་རབས་འདིར།  རུ་སྡེའམ་གྲོང་གསེབ་ཀྱི་འཕེལ་ཁ་འགྱུར་ཁར་བློ་གྲོས་ཀྱི་འཇུག་པ་ཡངས་ཤིང་།  སྤྱི་ཚོགས་འཕོ་འགྱུར་གྱི་གཏིང་རིམ་ནས་བུད་པའི་གནད་དོན་ཇི་མཆིས་ཐམས་ཅད་འཕྲལ་ཉིད་དུ་རྟོགས་ཐུབ་པ་མ་ཟད།  སེལ་བྱེད་ཀྱི་རིགས་ལམ་གཙང་མའི་ཐབས་ཤེས་དང་མི་སྣ་གསོ་སྐྱོང་གལ་འགངས་ཤིན་ཏུ་ཆེ།  གངས་ཅན་པའི་འབྱུང་འགྱུར་བདེ་བྱེད་ཀྱི་རྩ་བ་རུ་སྡེའམ་གྲོང་གསེབ་ཕྱོགས་གང་འདྲ་ཞིག་ཏུ་འགྱུར་རྒྱུ་དེར་ཐུག་འདུག་པ་ཉི་མ་ཤར་ཤར་དུ་གདའ།   ལོ་རྒྱུས་ཀྱིས་ད་ལྟའི་སྤྱི་ཚོགས་ལ་ཤན་ཤུགས་ཐེབས་པར་མ་ཟད། འབྱུང་འགྱུར་སྤྱི་ཚོགས་ཀྱི་གཞི་དབྱིབས་དེ་ཚད་ག་འདྲ་ཞིག་ཏུ་འགྱུར་རྒྱུར་ཚོད་འཛིན་བྱེད་པ་རེད། ལོ་རྒྱུས་སྟོང་པར་ཆགས་པའི་གྱོང་གུད་ཆེན་པོའི་འབྲས་བུ་ནི། སྨྲ་ཤེས་ཤིང་དོན་གོ་བའི་གང་ཟག་ནས་ཡང་བསྐྱར་སྤྲེའུར་གྱུར་བ་དེ་རེད། ཡང་། ལོ་རྒྱུས་ནི་མི་ཡི་དཔལ་ཡོན་དང་སྐྱ་བཏབ་ཏེ་འོངས་ཤིང་། དཔལ་ཡོན་དང་འབྲེལ་ཏེ་འགྲེལ་བཤད་རྒྱག་དགོས་པ་ཞིག་ཏུ་སྣང་བས། ལོ་གྲངས་རྐྱང་རྐྱང་གི་གནད་དོན་ཞིག་མ་ཡིན་པར་མ་ཟད། ཡུལ་ཆོས་ཞིབ་འཇུག་པ་ལ་དེ་བས་མིན།

        དུས་རབས་༡༤ པ་ནས་སྤྱི་ལུགས་༡༩༥༣ པ་དབར་གྱི་མི་ལོ་དྲུག་བརྒྱ་ཡས་མས་བྱིན་པའི་ཕྱིང་གུར་ཕུག་སྡེ་བའི་ལོ་རྒྱུས་སྟོང་པར་ཆགས་པ་འདིས་གནད་དོན་ཆེན་པོ་གཉིས་ཤུགས་བསྟན་བྱས་འདུག་སྟེ། གཅིག་ཏུ་ནི། བོད་ཡིག་བོད་རང་གི་སྐྱ་ས་འཇིག་རྟེན་པའི་དམངས་ཚོགས་ནང་ཁྱབ་གདལ་བགྱིས་མེད་པས་བེད་སྤྱོད་བྱས་མེད་པ་མཚོན། གཉིས་སུ་ནི། རུ་སྡེ་འདིའི་ནང་བོད་ཡིག་ཤེས་མཁན་གྱི་གྲྭ་བ་བྱུང་མྱོང་ཡོད་ནའང་གྲོང་བའི་སྤྱི་ཚོགས་གནས་ཚུལ་ལ་དོ་གནང་བྱས་མེད་པ་མཚོན། ཞོར་ཏུ། ངག་རྒྱུན་ན་ཡོད་པའི་སྤྱི་ཚོགས་འཕེལ་རིམ་ལོ་རྒྱུས་ལ་ཆད་ལྷག་དང་། བཟོ་བཅོས། ཡིག་ཐོག་ལྟ་བུའི་ཞིབ་ཆ་མེད་པ་སོགས་ཀྱི་སྐྱོན་ཀྱང་འདུག

        གོང་གི་གནད་དོན་དེ་དག་ལ་བརྟེན། རུ་སྡེ་འདིའི་སྤྱི་ཚོགས་འབྲེལ་ལམ་སྐྱོང་བྱེད་ཀྱི་གོམས་སྲོལ་རྨང་གཞི་དང་། སྒྲིག་གཞི་འཛིན་སྐྱོང་གི་རིག་གནས་ལག་ལེན་འདུ་ཤེས། འགྲིགས་བཟོ་བྱེད་ཀྱི་བསམ་བློའི་རྒྱ་ཆེ་ཆུང་། ཁྲེལ་དང་ངོ་ཚའི་རྟིང་སྲུང་བྱེད། བཟང་སྤྱོད་ལ་ངོ་སོ་བསྟོད་འདོད་འདུ་ཤེས་སོགས་ཀྱི་རིག་གནས་མ་རྩ་སྲབ་པས། འགྲོ་སྟངས་དང་འགྲིགས་ལམ་འདབས་སློག་དང་མི་བརྩི་མི་ཁུར་བའི་ཉེན་ཁ་འབྱུང་སླ་ཞིང་། ལྷག་པར་དུ། ཉེ་བའི་མི་ལོ་ཉི་ཤུའི་ནང་། བརྡ་འཕྲིན་ཚན་རིག་དར་ཁྱབ་ཆེན་པོ་བྱུང་ཏེ། ས་ཡི་གོ་ལ་ཆེན་པའི་ཕ་རོལ་ཚུར་རོལ་ནས་འཕྲིན་གསར་བརྡ་གསར་སྐར་ཆ་འགའི་ནང་སེམས་བཀྲུགས་བྱེད་དུ་བསླེབ་ཐུབ་པ་དང་། ཐོབ་དབང་ཐང་དང་ཁེ་ཕན་མ་གཏོགས་མི་བསམ་པའི་གཤིས་ངན་སྣུམ་གྱིས་ཟ་བ་ནང་བཞིན་སྤྱི་ཚོགས་སྒྱུར་བ་ལས། རུ་སྡེ་ཡི་བདེ་རྩར་ཉེན་ཁ་གསར་བ་ཞིག་འཕྲད་འདུག  རུ་སྡེ་འདི་དང་འདི་འདྲ་བས་གྲུབ་པའི་བོད་ཀྱི་སྤྱི་ཚོགས་ཁྱོན་ལའང་ཉེན་ཁ་དེར་འཕྲད་བཞིན་པ་དཔོག་སླ།

དཔལ་འབྱོར་གྱི་སྒང་ནས་དབུལ་ཕོངས་སུ་ལྷག་པའི་རུ་སྡེའམ་གྲོང་གསེབ་ཁག་གི་གནས་སྟངས་འདི་མཐོང་ཚེ། རྒྱུ་རྐྱེན་སྣ་ཚོགས་ཀྱིས་མཇུག་འབྲས་ཡིན་པར་རྟོགས་སླ་ནའང་། མང་པོའི་ནང་ནས། རྐུན་མ་ནགས་དང་རྗེས་སྤངས་ཐོག་ལྟ་བུའི་སློབ་གསོ་དང་། རྩྭ་འགོའི་ཟིལ་བ་ལྟ་བུར་མཐོང་བའི་དཔལ་དང་རྒྱུ་འབྱོར་བ། མི་རྟག་སྒྱུ་མའི་རང་མདངས་སུ་མཐོང་བའི་ཡུལ་ཆོས་ཞིབ་འཇུག ཆུ་སྣ་གར་འཁྲིད་དུ་ཕྱིན་པའི་སྤྱི་ཚོགས་ཀྱི་འཁོར་ཕྱོགས་འདོམས་བྱེད་སྤྱི་ཚོགས་རིག་པ་སོགས། མེད་སྨུག་འགྲིག་མིན་དང་ཁེངས་རེའི་དབར་རང་གཞན་ཕྱི་ནང་གི་བཀག་རྒྱ་མང་པོ་བྱུང་ཞིང་། དངོས་ཡོད་བཅོས་མིན་གྱི་མངོན་སུམ་གནས་ཚུལ་ནི། སྤྱི་ཚོགས་ཕྲ་རགས་ཀྱི་གཏིང་རིམ་གནད་དོན་དཔྱིས་ཕྱིན་པར་རྟོགས་བྱེད་ཀྱི་སྤྱི་ཚོགས་རིག་པའི་གཞུང་ལུགས་དང་། ཆེད་ལས་ཞིབ་འཇུག་མི་སྣ་མེད་པས། དེ་འདྲའི་སྤྱི་ཚོགས་འཁོར་ཕྱོགས་དང་འགྲོ་སྟངས་དེ་འགྲིགས་ཡོད་མེད་ད་ལྟ་ད་དུང་ཡིན་ནའང་རྟོགས་མི་འདུག་ཅེས་པའི་སྙམ་པ་འཆར།

གོང་གི་གནད་དོན་དེ་དག་གཅིག་ལྕོགས་སུ་རུ་སྡེའམ་གྲོང་གསེབ་ཁག་གི་གནས་སྟངས་ཀྱིས་མཚོན་འདུག་ཅིང་། ར་འཕྲོད་གཙང་མ་བྱུང་འདུག རུ་སྡེའམ་གྲོང་གསེབ་ཁག་གི་ཡུལ་ཆོས་ཞིབ་འཇུག་དང་། སྤྱི་ཚོགས་རིག་པའི་ངོས་ནས་རུ་སྡེའི་འབྲེལ་ལམ་དང་། ཐུན་མོང་མ་ཡིན་པའི་ཤེས་བྱའི་མ་ལག་ཧྲག་བསྡུ། སྤྱི་ཚོགས་སྒྲིག་གཞི་དབྱེ་ཞིབ་དང་། ལོ་རྒྱུས་ཀྱི་ཁུངས་འདེད་པ་བཅས་དཔྱད་པ་ཅུང་ཟད་ཙམ་བརྒྱུད་མཐར། སྒང་བ་སྤྱི་ཡི་གྲོང་གསེབ་ཡུལ་ཆོས་ཤེས་རིག་སྐོར་རིགས་སྒྲེས་སུ། རྒྱུ་ཆ་ཡོད་ཀྱང་མ་ལག་ཅན་ཏུ་བསྡུས་མེད་པ། སྤྱི་ཚོགས་ལོ་རྒྱུས་ཀྱི་མེ་ལོང་སྟེང་ཆགས་པའི་གཡའ་མཐུག་པོ་དེ་གཙང་དག་མཐའ་འཁྱོངས་བྱས་མེད་པ། སློབ་གསོ་རིགས་གསུམ[24]་མཆིས་ཀྱང་རུ་སྡེའམ་གྲོང་གསེབ་ཀྱི་གནས་སྟངས་དེ་སྤྱི་ཚོགས་རིག་པ་དང་ཡུལ་ཆོས་རིག་པའི་དཔྱད་བྱ་གསར་བ་ཞིག་ཏུ་ཆགས་འདུག དཔེར་ན། ཕྱིང་གུར་ཕུག་སྡེ་བ་ལྟ་བུ། སྔར་ཡུལ་ཆོས་ཀྱིས་ཕྱུག་ལ་རིགས་ཀྱི་ངོ་བོའང་བརྩན། ད་ལྟ་ཡུལ་ཆོས་མང་ཕྱོགས་ཉམས་མུས་འགྲོ་བཞིན་པས། བྱིས་པའི་སེམས་ཁམས་ཆགས་བྱེད་ཀྱི་བདག་རྐྱེན་ཏུ་གྱུར་ཅིང་རྨང་རྐང་ལྟ་བུའི་ཡུལ་ཆོས་ཁོར་ཡུག་ལྷད་མ་འདྲེས་པ་ཞིག་མེད་པར་གྱུར་ཏེ། རིག་གནས་སེམས་ཁམས་ཀྱི་ངོ་བོའང་འགྱུར་བཞིན་པའི་སྒང་ལ་བསླེབས་འདུག་གོ། །།

——————————————————

ཟུར་ལྟའི་ཡིག་ཐོ།

༼མདོ་སྨད་ཆོས་འབྱུང་།༽ བྲག་སྒོམ་པ་བསྟན་པ་རབ་རྒྱས་ཀྱིས་བརྩམས། ༡༩༨༢ ལོ་ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་གིས་དཔར་དུ་བསྐྲུན་ཞིང་བཀྲམ།

༼དུང་དཀར་ཚིག་མཛོད་ཆེན་མོ།༽ དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས། ༢༠༠༢ ལོ་པེ་ཅིང་བོད་རིག་པ་ཞིབ་འཇུག་ལྟེ་གནས་དཔེ་བསྐྲུན་ཁང་གིས་དཔར་དུ་བསྐྲུན་ཞིང་བཀ

༼ཁ་གྱའི་སྒར་རྙིང་དགོན་དང་ཁ་གྱ་སྤྱིའི་ལོ་རྒྱུས།༽ བློ་བཟང་རྒྱ་མཚོས་བརྩམས། ༡༩༩༡་ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་ཞིང་བཀྲམ།

༼དག་ཡིག་གསར་བསྒྲིགས་དག་བཅོས་མ།༽ ༢༠༡༤ ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་ཞིང་བཀྲམ།

༼དྲན་ངོར་འཆར་འདུག་པའི་གྲོང་གསེབ་ཅིག༽ ཟུ་རེན་ནེ་ཝ་ཟུ་  (༡༩༧༦)།    ༡༩༦༢ལོའི་ཁྰར་ལེ་ཧྥོ་ནེ་ཡ་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ།

༼སྤྱི་ཚོགས་ཀྱི་གྲུབ་ལུགས།༽   གེ་ཏན་སི (Anthony Giddens)་ཡིས་བརྩམས།   ༡༩༨༤ ལོར་ཁྰར་ལེ་ཧྥོ་ནེ་ཡ་སློབ་གྲྭ་ཆེན་མོའི་རིག་གཞུང་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན།

༼བོད་སྤྱི་ཚོགས་ཀྱི་སྒྲིག་གཞིའི་འབྱུང་རྒྱུན་ལས།  སྤྱི་ཚོགས་དང་།  སློབ་གསོ།  དད་པ་གསུམ་དབར་གྱི་འབྲེལ་བར་དཔྱད་པ།༽  ལྡོང་ཕྱིང་གུར་བ་རྒྱལ་ལོས་བརྩམས།(དབྱིན་ཡིག)༢༠༡༦ ལོར་ Rowman & Littlefield ∙ Lexington Books དཔར་དུ་བསྐྲུན།

རེའུ་མིག

རེའུ་མིག          ཕྱིང་གུར་ཕུག་སྡེ་བ་གྲུབ་བྱེད་ཀྱི་ཕ་གཡོག་དང་དེ་གཏོགས་ཀྱི་ཁྱིམ་ཚང་། ༢༠༢༠ལོའི་སྤྱི་ཟླ་༣ པར་ཕབས།

ཕ་གཡོག

ཁྱིམ་ཚང་།

ཁ་གྱ་ཐོག་མ།

འབྲུག་བྱམས་ཚང་། ཚེ་དབང་ཚང་། སྒྲོལ་དཀར་སྐྱབས་ཚང་། སྐྱབས་ལོ་ཚང་། ཐར་ལོ་ཚང་། མགོན་པོ་ཚང་། ཚེ་རིང་དོན་གྲུབ་ཚང་། བླ་གོ་ཚང་། ཀླུ་འབུམ་བཀྲ་ཤིས་ཚང་། རྡོ་རྗེ་འབུམ་ཚང་། སྙིང་ལྕགས་ཐར་ཚང་། བན་དེ་མཁར་ཚང་། ཚེ་རིང་རྡོ་རྗེ་ཚང་། བན་དེ་སྒོམ་ཚང་། རྟ་མགྲིན་ཐར་ཚང་། དཀའ་ཐུབ་ཚང་། ཚེ་རིང་བསམ་འགྲུབ་ཚང་། གུར་མགོན་སྐྱབས་ཚང་། རྟ་མགྲིན་སྐྱབས་ཚང་། རྡོ་རྗེ་ཚེ་བརྟན་ཚང་། ལྷ་མོ་བཀྲ་ཤིས་ཚང་། བསོན་ཏེ་ཚང་། བཅས་ཁྱིམ་ཚང་༢༠ ཡོད། ཁྱིམ་ཚང་འདི་དག་༢༠༡༧ ལོ་སྟེ། ད་ལྟ་ཡོད་པའི་ཁྱིམ་བདག་དང་བཅས་པའི་མིང་འཁོད།

ཁ་གྱ་འོག་མ།

སྐྱབས་ལོ་ཚང་། རྟ་མགྲིན་རྡོ་རྗེ་ཚང་། རྣམ་རྒྱལ་ཚང་། མགོན་ཏེ་ཚང་། ལྷ་མོ་དོན་གྲུབ་ཚང་། སྙིང་ལྕགས་ཐར་ཚང་། འབྲུག་བརྒྱ་ཚང་། སྒྲོལ་མ་བཀྲ་ཤིས་ཚང་བཅས་ཁྱིམ་ཚང་༨ དང་། ཕ་གཡོག་འདི་གནམ་ལྷའི་གུར་ཚང་ནས་མཆེད།

རྒྱལ་སྐོར།

ཤེས་རབ་ཚང་།  རྟ་མགྲིན་ཚང་། དཀོན་མཆོག་དོན་གྲུབ་ཚང་། པདྨ་ཚེ་རིང་ཚང་། སྟག་ལྷ་ཚང་། ཀླུམ་ཏེ་ཚང་། དབང་རྒྱལ་ཚང་། བཀྲ་ཤིས་རྡོ་རྗེ་ཚང་། རྡོ་རྗེ་སྐྱབས་ཚང་། སྐལ་བཟང་ཚང་། བསོད་ནམས་ཚང་། སངས་རྒྱས་འཚོ་ཚང་། བོན་ཅན་ཚང་།(རྒྱ) ཞེས་ལན་ཚང་།(རྒྱ) ཞིས་ཚེ་ཚང་།(རྒྱ) བཅས་ཁྱིམ་ཚང་༡༥ ཡོད།

རྐང་ཚ།

ཚེ་རིང་དོན་གྲུབ། རྣལ་འབྱོར་ཚང་། རྟ་མགྲིན་རྡོ་རྗེ་ཚང་། དབང་ཅན་ཚང་། རྟ་མགྲིན་ཚང་། ཚེ་དཔག་ཚང་། མགོན་པོ་ཚང་། རྡོ་རྗེ་རིན་ཆེན་ཚང་། མཁར་བྱམས་རྒྱལ་ཚང་། ཏིང་གོ་ཚང་། འཇམ་དབྱངས་གྲགས་པ་ཚང་། ཚེ་རིང་བཀྲ་ཤིས་ཚང་། སྦྱིན་པ་ཚང་། བཀྲ་ཤིས་ཚང་། བཅས་ཁྱིམ་ཁ་༡༤ ཡོད། མཛོད་དགེ་རྐང་ཚ་ནས་མཆེད་འོངས།

 

[1] ཕ་གཡོག་ཞེས་པའི་བརྡ་ཆད་འདི་ཆོས་འབྱུང་ལྟ་བུའི་ལོ་རྒྱུས་དེབ་ཐེར་ཁག་ཏུ་བེད་སྤྱད་མེད་པའམ་མཐོང་རྒྱུ་ཤིན་ཏུ་དཀོན་ནའང་། རུ་སྡེའི་འཚོ་བ་དངོས་ཀྱི་ནང་རྩ་འཛུགས་ཤིག་གི་ནུས་ཤུགས་འགངས་ཆེར་འདོན་མུས་སུ་མཆིས་ཤིང་། རུ་སྡེ་དང་ཁྱིམ་ཚང་གང་ཞིག་དོན་ཏག་སྣ་ཚོགས་དང་སྐྱིད་སྡུག་གང་ལ་འཕྲད་ཀྱང་རྩ་འཛུགས་འདི་མེད་དུ་མི་རུང་བ་ཞིག་ཏུ་ཆགས། རུ་སྡེ་སོ་སོའི་ནང་ཕ་གཡོག་ཞེས་པའི་རྩ་འཛུགས་འདིའི་རྒྱ་ཆེ་ཆུང་ལ་ཁྱད་པར་ཅུང་ཡོད་དེ། ཕ་གཡོག་འགའ་རེར་ཁྱིམ་ཚང་དྲུག་གམ་བདུན་གྱིས་གྲུབ་པ་དང་། ཡང་འགའ་རེ་ཁྱིམ་ཚང་བཅུ་ཁ་ཉི་ཤུས་གྲུབ་ཅིང་། སྐྱིད་སྡུག་གི་སྐབས་སུ་འགན་ལེན་སྟངས་དང་ལེན་ཚུལ་གཅིག་འདྲར་སྣང་། རྩ་འཛུགས་རང་མཚན་པ་འདི་བོད་ཀྱི་སྤྱི་ཚོགས་དོ་དམ་དང་འབྲེལ་ལམ་སྒྱུར་བཀོད་སོགས་དང་ཐད་ཀར་འབྲེལ་བ་ཡོད་པས། སྤྱི་ཚོགས་རིག་པ་དང་ཡུལ་ཆོས་རིག་པའི་ཐད་ནས་བལྟས་ན་དཔྱད་བྱ་གལ་ཆེན་ཞིག་རེད་སྙམ།

[2] འདི་གུས་པས་བྲིས་པའི་དཔྱད་རྩོམ་[ཡུལ་ཆོས་རྒྱུན་འཛིན་དང་ཞིབ་འཇུག་སྐོར་གྱི་ལྟ་ཚུལ་པད་དཀར་ཆུན་པོ་] ཞེས་པར་གསལ་བས་དེར་གཟིགས་པར་ཞུ།

[3] ཉེ་བའི་ལོ་འགའི་ནང་ས་གནས་སོ་སོ་ན་དྲ་ངོས་སུ་ཡུལ་ཆོས་ཤེས་བྱ་མང་པོ་འགོད་བཞིན་པ་འདི་ལགས་ཀྱང་། རིགས་བཀར་ཏེ་ཡུལ་ཆོས་མ་ལག་ཏུ་བསྡུ་སྒྲིག་བྱེད་དགོས།

[4] ལྡོང་གི་ཚ་ཆེན་བཅོ་བརྒྱད་ལ།  གཅན་ཚ། རྐང་ཚ། གཟི་ཚ། ལྡི་ཚ། གཡུ་ཚ། ཕྱག་ཚ། རེབ་ཚ། དམུ་ཚ། ཁྲོམ་ཚ། རྒོད་ཚ། སྟག་ཚ། རག་ཚ། འཚམ་ཚ། ཟམ་ཚ། ཧུར་ཚ། ཏོག་ཚ། འགག་ཚ། མགོ་ཚ་བཅས་དང་། གཞན་ཡང་ཁ་གྱ་དང་། རྒན་གྱ། སྐྱ་གྱ། དོ་གྱ། ཤ་གྱ་སོགས་མང་ངོ་།

[5] དགོན་པ་འདི་ལོ་རྒྱུས་ཀྱི་ཡུན་རིང་ཞིང་ཤ་འཆམས་སོགས་ཐུན་མིན་རིག་གནས་ཀྱི་ཁྱད་ཆོས་ཤིན་ཏུ་ཕྱུག་པས་འདབས་འབྲེལ་རུ་སྡེ་མང་པོར་རིག་གནས་མ་ཉམས་པར་གནས་ཐུབ་པ་དང་ཡུལ་མིའི་རྒྱུད་ལ་རིག་གནས་ཀྱི་བག་ཆགསའཇོག་པར་ནུས་པ་ཆེན་པོ་ཐོན་ཡོད་པས་ཡུལ་ཕྱོགས་ཀྱི་རིག་གནས་ཁོར་ཡུག་གི་ཀ་གདུང་ལྟ་བུའི་དཀའ་དྲིན་བསྐྱངས་དང་སྐྱོང་མུས་སུ་མཆིས།

[6] འདི་ལ་བཤད་ཚུལ་གཉིས་ཡོད་དེ།  ཡིག་ཐོག་ཏུ་སེ་ར་རང་དུ་སྐུ་གཤེགས་པ་དང་།  ངག་རྒྱུན་ཏུ་ཁ་གྱའི་སྒར་རྙིང་དུ་གཤེགས་ཞེས་པའོ།

[7] འདི་ད་ལྟ་མི་ལོ་བརྒྱད་བཅུ་དང་དགུ་བཅུ་ཡིན་པའི་མི་རྒན་རྒོན་དག་ལ་གོ

[8] ༡༩༥༣ ལོ་མདོ་ལྷོ་བོད་རང་སྐྱོང་ཁུལ་ཚུགས་པ་ནས་ད་ལྟའི་བར་ལ་ངོས་འཛིན་དགོས།

[9] བེ་ཧུ་ཞེས་པ་འདི་སོག་སྐད་སྒྲ་སྒྱུར་བྱས་པའི་མིང་ཞིག་ཡིན་པ་འདྲ། སྤྱི་ལུགས་༡༩༩༩ ལོ་ཡས་མས། ང་རང་ནུབ་བྱང་ཚང་དུ་དགེ་རྒན་གྱི་བྱ་བ་སྒྲུབ་བཞིན་པའི་སྐབས་ཤིག་ལ། སོག་ཡིག་སྡེ་ཁག་གི་དགེ་རྒན་ཞིག་ལ་བེ་ཧུ་ཞེས་པའི་མིང་འདིའི་གོ་དོན་དྲིས་ཚེ། བེ་ཧུ་ཞེས་པ་སོག་སྐད་ནང་སྟོང་དཔོན་ཞེས་པའི་དོན་རེད། ཅེས་འགྲེལ་བཤད་བྱས་སོང་། གནས་ཚུལ་དེར་བརྟག་ན། སྐབས་དེ་ཀར་ཡུལ་ཕྱོགས་འདི་སོག་པོས་བཟུང་ཞིང་དབང་སྒྱུར་བྱས་པ་མཚོན། ཡང་། འགའ་ཞིག་གིས། འདི་རྒྱ་ཡིག་གི་百户 ཞེས་པའི་སྒྲ་སྒྱུར་རེད་ཅེས་ཟེར་ནའང་། སྐབས་དེར་མདོ་སྨད་ཀྱི་ས་ཆ་སོག་ཡུལ་དང་འདབས་འབྲེལ་ཡོད་པ་ཕལ་ཆེར་སོག་པོའི་བཟུང་ཡོད་པ་དང་གཉིས། 百户 ཡི་ཆོ་ལོ་ཡོད་པའི་སྐྱབས་ལོས་རང་ལ་ཆོ་ལོ་སྤྲོད་མཁན་དེར་མགོ་སྒུར་མི་སྒུར་གྱི་གྱོད་བཟོ་དགོས་དོན་མེད་པ་དང་གསུམ། རྒྱུ་མཚན་དེ་གསུམ་གའི་སྒང་ནས་རྒྱ་སྐད་ཟུར་ཆགས་པ་མིན་ཚུལ་ཤེས་སླའོ།།

[10] འདི་དེང་སང་གི་ས་མིང་གང་ལ་གོ་དགོས་བརྟག་བྱ་ཞིག་རེད།

[11] རྟེན་བསྐལ་འདི་གཉིས་རིག་གནས་གསར་བརྗེ་ཆེན་པོ་མ་བྱུང་གོང་ཁ་གྱའི་སྒར་རྙིང་གི་རྟེན་གཙོ་བོར་བཞུགས་ཡོད་པ་མི་མང་པོས་མཐོང་མྱོང་སོ།

[12] འདི་ཡིག་ཐོག་གི་འབྲེལ་ཡོད་ལོ་རྒྱུས་ཁག་དང་ཅུང་མི་མཐུན་པས། མུ་མཐུད་དུ་བརྟག་དགོས། དུང་དཀར་ཚང་གིས་སེ་རར་སྐུ་གཤེགས་པར་འདོད་ལ། ངག་རྒྱུན་ལོ་རྒྱུས་འདིར་བལྟས་ན་ཁ་གྱའི་སྒར་རྙིང་དུ་སྐུ་གཤེགས།

[13] དེང་སང་བཀྲ་ཤིས་སྒར་ཆགས་ཡོད་ས་དེར་དགོན་པ་མ་བཏབ་གོང་ལ་རི་ཁྲོད་ཅིག་ཡོད་པ་དེའི་མིང་རེད།

[14] ༡༩༨༨ ལོར་ང་རང་རོང་བར་དཔོན་པོར་ལོ་རྒྱུས་སྐོར་བཅར་འདྲིར་ཕྱིན་པ་ཡིན། ཁོང་གི་མིང་ལ་རོང་བར་སྐྱབས་དགའ་ཟེར་ཞིང་། ཉིན་དེར་ཁོང་གི་ཁྱིམ་དུ་འབྱོར་ཏེ་ཕར་ཆེར་ཆུ་ཚོད་ཕྱེད་ཀ་འགྱངས་རྗེས་ད་གཟོད། ཁྱོ་འདིར་ཡོང་དོན་ཅི་ཡིན་ཞེས་དྲིས་བྱུང་། ང་རོང་བར་གྱི་ལོ་རྒྱུས་སྐོར་བཅར་འདྲི་བྱེད་བསམ་ནས་ཡོང་བ་ཡིན་ཞེས་ལན་བཏབ་པ་ན། ཁོ་ན་རེ། རོང་བར་དཔོན་ཚང་དང་བཅས་པ་འགོ་ལོག་ཁང་རྒན་ནས་མཆེད་དེ་ས་འདིར་བསླེབས་ཤིང་། བར་སྐབས་ཤིག་ལ། རོང་བར་དཔོན་ཚང་ནང་དམེ་བུད་དེ། ལག་དམར་གྱི་སྐེ་ལ་ཐང་དཀར་རྒོད་པོའི་སྒྲོ་ཞིག་འཛེར་ཏེ་སྤྱུགས། ལག་དམར་རོང་བར་ལུང་མདོར་ཕྱིན་ཏེ། གཡས་ཕྱོགས་སུ་ཅུང་ཟད་བསྙེགས་ཏེ་གཞུང་ཆུའི་ཕར་འགྲམ་དུ་གཞི་བཟུང་ནས་བསྡད་པས་འདུག་ས་དེར་ཐང་དཀར་ནང་ཞེས་མིང་ཐོགས་པ་རེད་ཅེས་བཤད་བྱུང་། ད་ལྟ་ཐང་དཀར་ནང་སྲིད་གཞུང་ཆགས་ཡོད་ས་དེ་རེད།

[15] འདི་ཞལ་དཀར་ཡིན་པ་འདྲ། ཧོར་གཙང་ཁོག་དང་ཅུང་ཉེ་བའི་གཞི་བདག་ཨ་མྱོས་ཞལ་དཀར་དང་འབྲེལ་བ་ཨེ་ཡོད་སྙམ་པས་བརྟག་དགོས།

[16] ཕ་གཡོག་ཅེས་པའི་ཐ་སྙད་འདི་ད་དུང་བརྟག་དགོས། གཙོ་ཆེར་ཁྱིམ་བགོས་ཏེ་བྱུང་བའི་གཞི་གསར་ལ་འཇུག་ཆེ་བས། ངས་ཕ་འོག་ཡིན་པར་འདོད།

[17] མིང་འདི་ཐོགས་དོན་ནི། འདུག་སྟངས་གི་གོ་རིམ་གྱིས་མིང་དེ་ལྟར་ཐོགས  ཁ་གྱ་ཐོག་མ་སྲིང་ཐེམ་ཀླད་མར་ཆགས་ཤིང་། དཔོན་ཚང་དང་བཅས་པའི་རུ་ཡོང་ཁྱིམ་ཚང་ཁག་སྲིང་ཐེམ་འོག་མར་ཆགས་པས་ཁ་གྱ་འོག་མ་ཞེས་མིང་ཐོགས།

[18] ཉམས་ཞིབ་ཞེས་པ་ནི། ཉམས་སུ་མྱོང་བཞིན་ཞིབ་འཇུག་བྱེད་པའི་དོན་ཞེས་དག་གསར་ཤོག་ངོས་༢༧༢་པ་ན་གསལ།

[19] འདི་རེབ་གོང་གི་ཆེས་མཇུག་མཐའི་བོད་ལྷམ། ཞེས་པའི་གནས་ཚུལ། ༢༠༡༧ ལོའི་སྤྱི་ཟླ་༥ བའི་ཚེས་༤ཉིན་གྱི་ཀྲུང་གོ་བོད་ཀྱི་དྲ་བར་འཁོད་པའི་གསར་འགྱུར་དེར་ཟུར་དུ་གཟིགས་པར་ཞུ།

[20] ཉམས་རྟོགས་ཞེས་པའི་དོན་ནི། ལག་ལེན་ལ་བརྟེན་ནས་ཐོབ་པའི་ངེས་ཤེས་ཀྱི་མིང་། ཞེས་དག་གསར་ཤོག་ངོས་༢༧༢་བ་ན་གསལ།

[21] བརྡ་ཆད་འདི་མདོ་སྨད་ཀྱི་རུ་སྡེའམ་གྲོང་གསེབ་དག་ན་རྒྱུགས་ཆེར་བེད་སྤྱོད་བྱེད་ཅིང་། གོ་དོན་ནི། ཕན་ཚུན་སྤངས་པའི་བྱ་བ་གཉིས་སམ། ལྟ་བ་གཉིས། གནས་སྟངས་གཉིས་སོགས་གང་གདམ་ཐེ་ཚོམ་གྱི་རྒྱར་ཚུད་པའི་སྐབས་དོན་ལ་འཇུག

[22] དག་གསར་ཤོག་ངོས་༢༧༡ ནས་༢༧༢ པར། ༡ སྒེག་པའི་ཉམས། ༢ དྲག་ཤུལ་གྱི་ཉམས། ༣ དཔའ་བོའི་ཉམས། ༤ སྙིང་རྗེའི་ཉམས། ༥ མི་སྡུག་པའི་ཉམས། ༦ བཞད་གད་ཀྱི་ཉམས། ༧ རྨད་བྱུང་གི་ཉམས། ༨ འཇིགས་རུང་གི་ཉམས་བཅས་བརྒྱད་ཡིན། ཞེས་འཁོད་དོ།

[23] https://www.phoenix.gov/pddsite/Documents/pdd_pz_pdf_00330.pdf

[24] བསླབ་གྲྭའི་སློབ་གསོ་དང་། དགོན་པའི་སློབ་གསོ། ངག་རྒྱུན་སློབ་གསོ་བཅས་གསུམ་ལ་གོ་དགོས། འདི་ཞིབ་ཏུ་བདག་གིས་བྲིས་པའི་འབུམ་རམས་དཔྱད་རྩོམ་ནང་དེ་གསུམ་གའི་དམིགས་ཡུལ་ཐད་ཕྲ་ཞིབ་ཏུ་བརྟག་དབྱེ་ཞིབ་བྱས་ཤིང་། དགག་སྒྲུབ་ཀྱི་ལྟ་བའི་སྒང་ནས་སྤྱི་བསྡོམས་བྱས་ཡོད།

 

 

སྔོན་མ།
བླ་མཁར་དྲ་ཚོམས་དང་། བསྒྲགས་པ་ཙི་ནའི་རྒྱལ་རབས་ཀྱི་སྤྱི་དོན་ངོ་སྤྲོད་དང་པོ།
རྗེས་མ།
སྲིད་པ་དྲ་བའི་དབུ་འབྱེད་ཁ་བརྡ་དང་སྲིད་པའི་ཁ་བརྡ་དང་པོ།

མཆན།. Leave new

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up